དབུ་ཤོག>ཆེད་སྒྲིག
  • ལང་ཡཱ་རི་བོའི་དཔའ་བོ་ལྔ། འཆི་སྲོག་ལ་ཐུག་ཀྱང་གཉའ་མི་སྒུར་བར་འཐབ་འཛིང་མཐར་ཕྱིན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀྲང་ཀྲེ་ཧྥུང་།   |     སྤེལ་དུས།  2021-06-07

    615973_yis_1622995200000_s.jpg

    འདི་ནི་ལང་ཡཱ་རི་བོའི་ཆི་ཕན་ཐོ་རི་རྩེར་ཡོད་པའི་ལང་ཡཱ་རི་བོའི་དཔའ་བོ་ལྔའི་དྲན་གསོའི་མཆོད་རྟེན་ཡིན་པ།  (དཔྱད་གཞིའི་པར་རིས)

    1941ལོའི་ཟླ་8པར། ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་པིན་དམག་གི་ཧྭ་པེའི་དཔུང་ཕྱོགས་སྒར་ཆེན་གྱིས་དམག་ཤུགས་ཁྲི་7ལྷག་ཙམ་སྐོང་འཐེན་བྱས་ནས་ཧྲན་ཤིས་དང་། ཁྲ་ཧར། ཧོ་པེ་བཅས་མཐའ་ཁུལ་ཁོངས་གཏོགས་ཀྱི་པེ་གཡོད་དང་ཕིང་ཤིས་གནས་གཞིའི་ཁུལ་དུ་རྩ་མེད་དུ་གཏོང་བའི“ཚར་གཅོད”བྱེད་སྤྱོད་སྤེལ། ཟླ་9པར། རི་པིན་དང་སྲིད་གཞུང་རྫུན་མའི་དམག་མི་3500ལྷག་ཙམ་གྱིས་ཧོ་པེའི་དབྱི་རྫོང་ལང་ཡཱ་རི་བོའི་ས་ཁུལ་དུ“གཙང་བཅོམ”སྤེལ། ས་ཁུལ་དེར་དམག་སྡེ་བརྒྱད་པའི་ཧྲན་ཤིས་དང་། ཁྲ་ཧར། ཧོ་པེ་བཅས་དམག་ཁུལ་ཁང་ཁོངས་གཏོགས་ཀྱི་ཡན་ལག་དམག་ཁུལ་ཁང་དང་པོའི་ལས་ཁུངས་དཔུང་སྡེ་དང་། ལའེ་ཡོན་དང་། དབྱི་རྫོང་། ཞུས་ཧྲུའེ། མན་ཁྲེང་བཅས་རྫོང་བཞིའི་ཏང་སྲིད་ལས་ཁུངས་དང་མང་ཚོགས་ཁྲི་གྲངས་སྡོད་ཀྱི་ཡོད་ཅིང་། ཡན་ལག་དམག་ཁུལ་ཁང་དང་པོའི་ཐོན་ཤོག་དང་པོའི་ལེན་ཤོག་7པས་བཀའ་ལྟར་ལས་ཁུངས་དང་། དཔུང་སྡེ། མང་ཚོགས་བཅས་ལའོ་ཅུན་ཐང་ཕྱོགས་སུ་གནས་སྤོ་རྒྱུར་འགེབས་སྲུང་བྱས། ལས་འགན་གྲུབ་ནས་ཕྱིར་འཐེན་བྱེད་སྐབས་པན་ཤོག་6པའི་པན་ཀྲང་མཱ་པའོ་ཡུས་དང་པན་ཀྲང་གཞོན་པ་ཀེ་ཀྲེང་ལིན་དང་དེ་བཞིན་འཐབ་འཛིང་པ་སུང་ཞུའེ་དབྱི་དང་། ཧུའུ་ཏེ་ལིན། ཧུའུ་ཧྥུའུ་ཚའེ་བཅས་བསྡད་ནས་ལེན་ཤོག་ཆ་ཚང་གནས་སྤོ་རྒྱུར་འགེབས་སྲུང་བྱས།

    འཐབ་འཛིང་པ་ལྔ་པོས་བློ་རྩ་བརྟན་ཞིང་སྒམ་བརླིང་ངང་ས་བབ་བཟང་པོར་བརྟེན་ནས་དཔའ་ངར་ཆེན་པོས་ཕར་རྒོལ་བྱས་ཤིང་། རི་པིན་དང་སྲིད་གཞུང་རྫུན་མའི་དམག་གི་ཚུར་རྒོལ་ཐེངས་མང་ཕ་མཐར་བསྐྲད་དེ་མི་90ལྷག་ཙམ་བསད་རྨས་སུ་བཏང་། དེ་རྗེས་ཁོང་ཚོས་དམག་རྒྱག་ཞོར་དུ་ཕྱིར་འཐེན་བྱེད་བཞིན་རྐང་ལམ་རང་རོང་བརྒྱུད་དེ་ཆི་ཕན་ཐོ་རི་རྩེར་འཛེག དགྲ་བོས་ད་ནི་དམག་སྡེ་བརྒྱད་པའི་གཙོ་ཤུགས་ཀྱི་རྗེས་ཟིན་སོང་སྙམ་ནས་རྗེས་འདེད་བཏང་། འཐབ་འཛིང་པ་ལྔ་པོས་ཉེན་ཁར་ཐུག་ཀྱང་སྐྲག་སྣང་མི་བྱེད་པར་དཔའ་ངར་ཆེན་པོས་འགོག་རྒོལ་བྱས་ཤིང་། རྫས་མདེལ་རྫོགས་ཀྱང་རྡོ་དབྱུགས་ནས་ས་སྲོས་བར་འཐབ་འཛིང་བྱས། ཉེ་བར་བཅར་བའི་རི་པིན་དང་སྲིད་གཞུང་རྫུན་མའི་དམག་གི་མདུན་དུ་ཁོང་ཚོས་འཆི་སྲོག་ལ་ཐུག་ཀྱང་གཉའ་མི་སྒུར་བར་མེ་མདའ་བཅག་སྟེ་གཡང་གཟར་གྲོག་རོང་དུ་མཆོངས། མཱ་པའོ་ཡུས་དང་། ཧུའུ་ཏེ་ལིན། ཧུའུ་ཧྥུའུ་ཚའེ་གསུམ་དཔའ་ཉམས་ལྡན་པའི་ངང་རྒྱལ་ཁབ་ཀྱི་དོན་དུ་རང་སྲོག་ཤོར་བ་དང་། ཀེ་ཀྲེང་ལིན་དང་སུང་ཞུའེ་དབྱི་རི་སྐེད་ཀྱི་ལྕང་སྡོང་ཡལ་གར་འཁོན་ཏེ་རྨས་སྐྱོན་ལྕི་མོ་ཕོག་ཅིང་། ཡུལ་མི་སྤུན་ཟླས་བསྐྱབས་རྗེས་སྲོག་ཉེན་ལས་ཐར་ཙམ་བྱུང་།

    མཱ་པའོ་ཡུས་སོགས་འཐབ་འཛིང་པ་5ཡི་དཔའ་ཉམས་ལྡན་པའི་བྱ་སྤྱོད་ལས་བླ་ན་མེད་པའི་རྒྱལ་གཅེས་རིང་ལུགས་དང་གསར་བརྗེའི་དཔའ་བོའི་རིང་ལུགས་ཀྱི་སྙིང་སྟོབས་དང་དེ་བཞིན་བློ་རྩ་བརྟན་ཞིང་གཉའ་མི་སྒུར་བའི་མི་རིགས་ཀྱི་ལ་རྒྱ་མངོན་པས། མི་དམངས་མང་ཚོགས་ཀྱིས“ལང་ཡཱ་རི་བོའི་དཔའ་བོ་ལྔ”ཞེས་བསྟོད་པར་བྱས། ཧྲན་ཤིས་དང་། ཁྲ་ཧར། ཧོ་པེ་བཅས་དམག་ཁུལ་ཁང་གི་འགོ་ཁྲིད་ལས་ཁུངས་ཀྱིས་སྔོན་གཤེགས་དཔའ་བོ་གསུམ་ལ“དཔེ་བཟང་མཚན་སྙན་གྱི་འཐབ་འཛིང་པའི”མཚན་སྙན་སྤྲད་པ་མ་ཟད། ཧུའུ་ཏེ་ལིན་དང་ཧུའུ་ཧྥུའུ་ཚའེ་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡིན་པའི་ཁས་ལེན་བྱས་པ་དང་། བཀའ་རྒྱ་བཀྲམ་ནས་ཀེ་ཀྲེང་ལིན་དང་སུང་ཞུའེ་དབྱི་ལ་གཟེངས་བསྟོད་སྤྲད་པ་མ་ཟད། “དཔའ་ངར་ཆེ་ཞིང་ཞུམ་པ་མེད་པའི”བྱ་དགའི་རྟགས་མའང་སྤྲད་པ་དང་། སུང་ཞུའེ་དབྱི་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་པ་རེད། (ཚེ་སྒྲོལ་གྱིས་བསྒྱུར། དབང་སྒྲོལ་དང་ཚེ་སྒྲོལ་གྱིས་ཞུས) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།