2002ལོར་ཤེས་ལྡན་མི་སྣ་ནང་འདྲེན་བྱས་པ་བརྒྱུད་ཅུས་ཝང་ཆབ་མདོ་གྲོང་ཁྱེར་སྨན་རྩིས་ཁང་དུ་ལས་ཀར་ཞུགས། སྨན་བཅོས་ལས་ཀ་གང་མགྱོགས་གོམས་པ་བྱ་ཆེད་ཅུས་ཝང་གིས་བོད་སྐད་སྦྱོང་འགོ་ཚུགས། བོད་སྐད་སྟབས་བདེ་སྦྱོང་བ་ནས་གཟུགས་པོའི་ཆ་ཤས་ཀྱི་མིང་དང་དེ་ནས་ཆེད་ལས་ཀྱི་གསོ་རིག་ཐ་སྙད་བར་བོད་སྐད་རེ་རེ་བཞིན་སྦྱངས། 2012ལོར་གྲོང་ཚོར་བཅའ་སྡོད་བྱས་པ་ལས་ཁོང་གི་བོད་སྐད་ཆུ་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད།
“གོ་འཇོ་རྫོང་ལྷ་རྒྱལ་ཤང་མགོ་ཕུ་གྲོང་ཚོར་སླེབས་དུས་ངས་བོད་སྐད་སྟབས་བདེ་ཞིག་ལས་ཤེས་ཀྱི་མེད། བྱས་ཙང་ཉིན་ལྟར་གྲོང་སྡོད་རུ་མི་གཞན་གཉིས་ཀྱི་ས་ནས་བོད་སྐད་སྦྱངས་པ་ཡིན་ལ། རྟག་ཏུ་གྲོང་མི་ཚོ་དང་མཉམ་དུ་བསྡད་དེ་ཁོང་ཚོའི་སྐད་ཆ་ཉན་པ་དང་ཁོང་ཚོས་ཅི་ཞིག་ཤོད་མིན་ཚོད་དཔག་བྱས་པས་ཡུན་རིང་སོང་རྗེས་ཁོང་ཚོ་དང་བོད་སྐད་ཐོག་ནས་སྐད་ཆ་ཏོག་ཙམ་ཤོད་ཐུབ་ཀྱི་འདུག ”
བོད་སྐད་ཁོང་དུ་ཆུད་རྗེས། ཅུས་ཝང་གིས་རང་འགུལ་ངང་མི་སེར་ཚོར་རང་ཉིད་ཀྱི་སྨན་བཅོས་ལག་རྩལ་ངོམ་འགོ་ཚུགས་ཤིང་། ལྷ་རྒྱལ་ཤང་སྲིད་གཞུང་ཉེ་འགྲམ་གྱི་མི་རྣམས་ཀྱི་བསམ་བློའི་འདུ་ཤེས་ཅུང་སྔོན་ཐོན་ཡིན་སྟབས། སྔོན་ལ་མི་དེ་དག་ནས་འགོ་བཙུགས་ཏེ་སྐྱོབ་བཅོས་བྱེད་པ་དང་དེ་ནས་ཁོང་ཚོར་གྲོང་ཚོའི་ནང་གི་མི་གཞན་དག་སྐུལ་ཁྲིད་བྱེད་དུ་བཅུག་ན་ཡག་པོ་ཡོད་པ་ཁོང་གིས་ཤེས། དེ་ལྟར་ཅུས་ཝང་གིས་རིན་མེད་ངང་ནད་ལྟ་བའི་གནས་ཚུལ་རིམ་བཞིན་གང་སར་ཁྱབ་ནས་མི་དེ་བས་མང་བས་ཁོང་ལ་ཡིད་ཆེས་བྱེད་ཀྱི་ཡོད།
“དུས་རབས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ང་ཚོའི་སྨན་ཁང་གི་སྨན་བཅོས་ཆ་རྐྱེན་དང་ཁོར་ཡུག་ཀྱང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། བསྐྱར་སྐྲུན་རྒྱས་སྐྲུན་ཐེངས་མང་བྱས་པ་བརྒྱུད། ད་ཆ་ང་ཚོའི་སྨན་ཁང་དུ་ཚན་ཁག་30ལྷག་ཙམ་གྱི་ལས་བྱེད་ལས་བཟོ་400ལྷག་ཙམ་ཡོད་པ་དང་ནད་ཁྲི་300ལྷག་ཙམ་བཀོད་སྒྲིག་བྱས་ཡོད། དེས་མ་ཟད་2019ལོའི་ལོ་མཇུག་ཏུ་ཀ་པ་རིམ་པ་གསུམ་པའི་བོད་ལུགས་གསོ་རིག་སྨན་ཁང་ལ་འདེམས་རྒྱུའི་ཆོག་མཆན་ཐོབ་ཡོད”ཅེས་དཔང་པོ་བྱེད་མཁན་ཡིན་ལ། འཛུགས་སྐྲུན་པའང་ཡིན་པའི་ཅུས་ཝང་གིས་སྨན་རྩིས་ཁང་ལ་བརྩེ་སེམས་ཟབ་མོ་འཆང་བཞིན་བཤད།
“ནད་གསོའི་སྨན་བཅོས་བྱེད་པར་སྨན་པའི་ལག་རྩལ་མཐོ་པོ་ཡོད་དགོས་ཤིང་། སྨན་པས་ཆེད་ལས་ཀྱི་ནད་གསོ་དང་འགུལ་སྐྱོད་རིག་པའི་འབྲེལ་ཡོད་ཤེས་བྱ་ཁོང་དུ་ཆུད་ཚེ་གཞི་ནས་ནད་པར་ཆེད་ལས་ཀྱི་སྨན་བཅོས་བྱེད་ཐུབ། ནད་གསོའི་སྨན་བཅོས་ནི་ཉིན་གཅིག་གཉིས་ནང་ཕན་འབྲས་ཐོན་པ་ཞིག་མིན་པར། ཐུང་ན་ཟླ་བ་ཁ་ཤས་དང་རིང་ན་ལོ་ཁ་ཤས་འགོར་གྱི་ཡོད། འོན་ཀྱང་ནད་གསོའི་སྨན་བཅོས་ཇི་ཙམ་སྔ་ན་དེ་ཙམ་གྱིས་ཡག་པ་ཡོད། ཁོང་གིས་ནད་གསོའི་སྨན་བཅོས་ལ་སྔར་བས་མཐོང་ཆེན་བྱ་རྒྱུའི་རེ་བ་ཡོད་ལ། ནད་པ་དེ་བས་མང་བར་ཚད་ལྡན་གྱི་ནད་གསོའི་སྨན་བཅོས་ལོངས་སུ་སྤྱོད་ཐུབ་པའི་རེ་བའང་ཡོད”ཅེས་བཤད།