གཏམ་ལགས། ཕོ། བོད་རིགས། 1984ལོའི་ཟླ་9པར་གཞིས་རྩེ་ས་ཁུལ་བཞད་མཐོང་སྨོན་རྫོང་དུ་སྐྱེས། སློབ་ཆེན་གྱི་སློབ་རྒྱུས་ལྡན། ཀྲུང་གུང་ཏང་ཡོན། བཞད་མཐོང་སྨོན་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཁོང་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་རེད།
2006ལོར་གཏམ་ལགས་བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་གི་ནད་ཐོག་སྨན་བཅོས་གསོ་རིག་ཆེད་ལས་ནས་ཐོན་པ་དང་། ལས་ཀར་ཞུགས་ཚུན་ཁོང་གིས་རིགས་ཁག་གི་ཆེད་ལས་གསོ་སྦྱོང་ནང་ཧུར་ཐག་ཞུགས་ཏེ། ལག་རྩལ་རྐང་འཛིན་པ་དང་རྒན་རབས་ཚོའི་ས་ནས་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་བཀའ་སློབ་ཞུས་ཏེ་རང་ཉིད་ཀྱི་ནད་བརྟག་སྨན་བཅོས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད། བཞད་མཐོང་སྨོན་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཁོང་ནད་ཚན་ཁག་ཏུ་ལས་ཀ་བྱེད་རིང་ཁོང་གིས་ལོ་བཅུ་ཕྲག་ཉིན་གཅིག་ལྟར། སྨན་ཁང་ཁྱིམ་དུ་བརྩིས་ཏེ་སེམས་རྩ་འཁོལ་པོས་ནད་པར་ཞབས་འདེགས་ཞུས་པ་དང་དུས་དང་རྣམ་པ་ཀུན་ཏུ་ནད་པ་གཙོ་བོར་བྱས་ཡོད། དྲག་ཆར་རླུང་འཚུབ་ལྡང་བ་དང་། ཚ་གྲང་གི་གནམ་གཤིས་གང་ཞིག་བསྟན་པ། ཡང་ན་ཉིན་མཚན་གང་ཞིག་ཡིན་རུང་། ནད་པར་སྨན་བཅོས་བྱེད་དགོས་ཚེ་ཁོང་གིས་ལམ་སེང་བསྐྱོད་པ་ལས་འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད། ལས་བྲེལ་ཆེ་བའི་རྐྱེན་གྱིས་གྲུམ་བུའི་རང་བཞིན་གྱི་སྙིང་ནད་ཕོག་ནས་སྙིང་གི་གཤག་བཅོས་བྱས་པ་དང་། གཙོ་བཅོས་སྨན་པས་ཁོང་ལ་སྨན་ཡུན་རིང་གཏོང་བ་དང་། དུས་ཐོག་ཏུ་བསྐྱར་བཤེར་བྱེད་པ། ངལ་གསོ་རྒྱག་རྒྱུར་དོ་སྣང་བྱེད་པ། ངལ་དུབ་ཆེ་དྲགས་རྒྱུ་མེད་པ་བཅས་ཀྱི་གྲོས་འགོ་བཏོན་མོད། འོན་ཀྱང་གཏམ་ལགས་ཀྱིས་ཁྱིམ་དུ་ངལ་གསོས་ནས་སྡོད་རིང་ནད་པ་བསྟེན་མཁན་མང་བ་དང་། ཚན་ཁག་ཏུ་ལས་མི་དཀོན་པ། ནད་བརྟག་སྨན་བཅོས་ཀྱི་ལས་འགན་ལྕི་བ་བཅས་ཀྱི་གནས་ཚུལ་གོ་ཐོས་བྱུང་རྗེས། འཕྲལ་མར་ལས་གནས་ཐོག་ཕྱིར་ལོག་བྱ་རྒྱུའི་རེ་འདུན་རང་འགུལ་ངང་ཞུས། སྨན་ཁང་གི་འགོ་ཁྲིད་ཀྱིས་ཁོང་གི་གཟུགས་པོའི་གནས་ཚུལ་ལ་བསམ་གཞིག་བྱས་ནས་ཁོང་དང་གླེང་མོལ་ཐེངས་མང་བྱས་ཏེ་ལས་ཀ་ཅུང་ལྷོད་པ་ཞིག་ཏུ་བཀོད་སྒྲིག་བྱ་རྩིས་བྱས་ཀྱང་། གཏམ་ལགས་ཀྱིས“ང་ནི་ཁོང་ནད་ཚན་ཁག་གི་སྨན་པ་ཡིན། ངའི་ཆེད་ལས་ཀྱང་དེ་ཡིན། དེ་གར་ང་མཁོ་བ་དང་ནད་པར་ང་མཁོ་བས་ང་ཁོང་ནད་ཚན་ཁག་ཏུ་སྡོད་དགོས་ངེས་ཡིན”ཞེས་བཤད།
གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་ཚུགས་རྗེས། གཏམ་ལགས་ཀྱིས་བདེ་ཐང་དབུལ་སྐྱོར་ལས་དོན་ནང་ཧུར་ཐག་ཞུགས་པ་བརྒྱུད་ཤང་འགན་གཙང་ལེན་མཁན་གྱི་སྨན་པ་ཞིག་ཏུ་གྱུར། ཁོང་གིས་ཡུལ་ནད་དང་། གཅོང་ནད། ནད་གཞི་ལྕི་རིགས་བཅས་ཕོག་མཁན་གྱི་སར་བསྐྱོད་དེ་དུད་ཚང་དབུལ་པོ་ཚང་མའི་གཞི་རྩའི་ཆ་འཕྲིན་དང་། དཔལ་འབྱོར་གྱི་ཡོང་འབབ། བུ་ཕྲུག་གི་སློབ་གསོའི་གནས་ཚུལ། གཟུགས་གཞི་བདེ་ཐང་གི་གནས་ཚུལ་སོགས་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། ཁོང་ཚོའི་དོགས་གནད་ལ་ངང་རྒྱུད་རིང་པོས་ལན་བརྒྱབ་པ་མ་ཟད། གོ་བདེ་ཤེས་སླའི་ཐོག་ནས་བདེ་ཐང་དབུལ་སྐྱོར་གྱི་སྲིད་ཇུས་སྒྲོག་འགྲེལ་ཡང་བྱས་ཏེ། ནད་པས་བདེ་ཐང་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་ཐུབ་པར་བྱས་ཡོད།
2020ལོའི་ལོ་འགོར་ཏོག་གསར་གློ་ཚད་རིམས་ནད་གློ་བུར་དུ་ཐོན་སྐབས། གཏམ་ལགས་ཀྱིས་ཏང་ཡོན་གྱི་སྨན་བཅོས་འཕྲལ་སྒྲུབ་རུ་ཁག་ནང་ཞུགས་རྒྱུར་རང་འགུལ་ངང་རེ་འདུན་ཞུས་ཏེ། བཞད་མཐོང་སྨོན་རྫོང་གི་ཏང་ཡོན་སྨན་བཅོས་འཕྲལ་སྒྲུབ་རུ་ཁག་གི་ཁོངས་མིའི་གྲས་ཤིག་ཏུ་གྱུར་པ་དང་སྦྲགས། “ང་ནི་སྨན་པ་ཞིག་ཡིན་པ་དང་ཏང་ཡོན་ཞིག་དེ་བས་ཡིན་པས་གང་དུ་དགོས་མཁོ་ཡོད་ཚེ་དེ་གར་བསྐྱོད་རྒྱུའི”གཟི་བརྗིད་ཀྱི་དམ་བཅའ་བཞག
གཏམ་ལགས་ཀྱིས་ཚན་ཁག་གི་སྨན་དོན་མི་སྣར་རང་འགུལ་ངང་སྣེ་ཁྲིད་བྱས་ཏེ《ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་སྨན་བཅོས་ཇུས་གཞི》དང་དེ་བཞིན་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་དང་བདག་སྐྱོང་ཤེས་བྱ་སོགས་སློབ་སྦྱོང་བྱས་པ་དང་། རྫོང་གྲོང་གི་ཁྱིམ་སྡོད་ལོགས་འཇོག་གི“གཅིག་གཏད་གཅིག”གི་དོ་དམ་སྨན་དོན་མི་སྣའི་འགན་འཁུར་རྒྱུའི་རེ་འདུན་རང་འགུལ་ངང་ཞུས་ཏེ། སྒོ་རྩར་ཞབས་ཞུ་དང་ཁ་པར་ཐོག་ནས་འདྲི་རྩད་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁྱིམ་སྡོད་ལོགས་འཇོག་མི་སྣ་36གི་རྒྱུན་གཏན་གྱི་ཚ་བ་རྒྱས་པ་དང་། སྐམ་གློ་རྒྱག་པ། དཀའ་ལས་ཁག་པ་སོགས་ཀྱི་ནད་རྟགས་སྟབས་བསྟུན་ངང་ཁོང་དུ་ཆུད་པར་བྱས་པ་མ་ཟད། ཁོང་ཚོར་རིམས་འགོག་འཕྲོད་སྦྱོར་ཤེས་བྱ་དང་། རྒྱུན་གཏན་གྱི་འཕྲོད་སྦྱོར་ཤེས་བྱ། སེམས་གསོ་གཏོང་བ་སོགས་ཀྱི་ཞབས་ཞུའི་ལས་དོན་ཡང་བསྒྲུབས་ཡོད། ཁྱིམ་སྡོད་ལོགས་འཇོག་མི་སྣ་ཞིག་གི་ཚ་བ་ཧྲེ་ཧྲི་ཏུའུ་37.5ལ་སླེབས་པ་ཤེས་སྐབས་གཏམ་ལགས་ཀྱིས་ལམ་སེང་ནད་བརྟག་སྨན་བཅོས་སྒམ་འཁྱེར་ནས་དེའི་སར་བསྐྱོད་དེ། ཡང་བསྐྱར་ཚ་བ་བལྟས་པ་དང་ནད་བརྟག་འདྲི་རྩད་ཞིབ་ཕྲ་བྱས་རྗེས་ནད་བརྟག་ལ་གཞིགས་ནས་སྨན་བཅོས་ཀྱང་བྱས།
2020ལོའི་ཟླ་3ཚེས་14ཉིན་གྱི་ཆུ་ཚོད་12ཡས་མས་ལ་གཏམ་ལགས་ཁོག་ནད་ཚན་ཁག་གི་ནད་ཁང་དུ་ནད་སྐོར་རྒྱག་པ་དང་ནད་པར་ལྟ་རྟོག་བྱེད་སྐབས། གློ་བུར་དུ་ཁོང་ལ་དབུགས་གཏོང་དཀའ་བའི་ནད་རྟགས་ཐོན་པ་དང་རྗེས་སུ་ནད་རྟགས་རིམ་བཞིན་ལྕི་རུ་ཕྱིན་ནས་གློ་རྒྱག་པ་དང་། ལུད་པ་འདོན་པ། ལུད་པའི་ནང་ཁྲག་འདྲེས་པ་བཅས་ཀྱི་ནད་རྟགས་ཐོན་པས་རྫོང་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱིས་དོད་དྲག་གི་སྙིང་གཡོན་འཕར་ཤུགས་ཉམས་པར་གཏན་འཁེལ་རགས་ཙམ་བྱས་པ་མ་ཟད། གྲོང་ཁྱེར་མི་དམངས་སྨན་ཁང་ལ་སྨན་བཅོས་བྱེད་པར་གང་མགྱོགས་བསྐྱལ། མཐར་གཏམ་ལགས་ལ་དོད་དྲག་གི་སྙིང་གཡོན་འཕར་ཤུགས་ཉམས་པ་དང་མཁལ་ནུས་ཉམས་པའི་ནད་གཞི་ཕོག་པའི་གཏན་འཁེལ་བྱས། ཟླ་3ཚེས་16ཉིན་གྱི་ཆུ་ཚོད་8པར་གཏམ་ལགས་མྱུར་སྐྱོབ་བྱས་ཀྱང་ཕན་ནུས་མ་ཐོན་པར་སྟབས་མི་ལེགས་པར་གྲོངས།
གཏམ་ལགས་ཀྱིས་རང་ཉིད་ཀྱི་ཚད་ཡོད་ཀྱི་མི་ཚེ་ཚད་མེད་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སྐྱེས་སུ་ཕུལ་ནས“བྱམས་སེམས་ཆེན་པོ་ཀུན་ལ་བཅངས། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ”བའི་སྙིང་སྟོབས་དེ་འདྲ་ང་ཚོའི་དུས་རབས་དེའི་དྲང་ནུས་དང་བཀྲག་མདངས་འཚེར་ས་རེད་ལ། གུང་ཁྲན་ཏང་མིའི“བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་ལ་འགྲེལ་བཤད་ཡག་ཤོས་བརྒྱབ་པ་ཞིག་ཀྱང་རེད།