བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།
1934ལོར་སྐྱེས་པའི་ནོར་བུ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་འབྲོམ་ཐོད་ཤང་འབྲོམ་ཐོད་གྲོང་ཚོའི་ཡུལ་མི་ཡིན་པ་དང་བོད་རྙིང་པར་ཁོང་ནི་ས་གནས་འདི་གའི་གཞིས་ཀའི་ཞིང་བྲན་རེད།
བོད་ཀྱི་ཞིང་པའི་ཁྲོད“ཁྲལ་སྣ་ཤིན་ཏུ་མང་། མ་ཤི་བར་དུ་འཇལ”ཞེས་པའི་གཏམ་དཔེ་ཞིག་ཡོད། བོད་རྙིང་པའི་ཞིང་བྲན་ལམ་ལུགས་ཀྱི་ཁྲལ་འུ་ལག་ལྕི་བ་དང་གདུག་རྩུབ་ཆེ་བས་མི་མང་པོ་ཞིག་མི་ཤི་ཁྱིམ་སྟོངས་ཀྱི་གནས་སུ་གྱར་གྱི་ཡོད། བོད་ཀྱི་ངལ་རྩོལ་མི་དམངས་ཀྱིས་ཞིང་བྲན་བདག་པོས་ཁོང་ཚོར་བཙན་ཤེད་ངང་དཀྲིས་པའི་ཁྲལ་འུ་ལག་དེ་དག་ལ“ལྕགས་ཐག་ལྕི་པོ”ཞེས་འཁོན་འཛིན་ཆེན་པོས་འབོད་ཀྱི་ཡོད།
“སྐབས་འདི་དུས་ཁྲལ་འུ་ལག་སྣ་ཁ་ག་ཚོད་ཡོད་པ་གསལ་པོ་ཤེས་མཁན་མེད། བོད་ཀྱི་ཞིང་བྲན་བདག་པོས་རང་ཉིད་ཀྱི་ཁྲལ་བསྡུའི་དབང་ཆར་སྒྲིག་སྲོལ་དང་ལམ་ལུགས་གང་གིས་ཀྱང་གཅུན་འདོམས་མི་བྱེད་པ་དང་ཁོང་ཚོས་རང་ཉིད་ཀྱི་འདོད་པ་གཞིར་བཟུང་། འདོད་རྔམ་ཆེན་པོས་སོ་སོར་མཁོ་བའི‘ཁྲལ་དངུལ’བསྡུ་ཡི་ཡོད”ཅེས་ནོར་བུས་བཤད།
ཉི་མ་སྤྲིན་པའི་འོག་ནས་དྭངས་བའི་དུས་ཤིག་ཤར་ཡོང་ཞེས་པ་ལྟར། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ཏེ་རྒས་པོ་ནོར་བུར་ས་ཞིང་དང་ཕྱུགས་རིགས་བགོ་བཤའ་རག་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།
“ང་ད་ལྟ་ལོ་ཆེན་པོ་དེ་འདྲ་ཡིན་ནའང་ད་དུང་ལོ་འགའ་ཤས་བསྡད་ནས་ད་ལྟའི་སྲིད་ཇུས་བཟང་པོ་ལོངས་སྤྱོད་ཡུན་རིང་ཙམ་བྱེད་འདོད་འདུག”ཅེས་རྒས་པོས་འཛུམ་དམུལ་དམུལ་ངང་བཤད།
རྒས་པོ་ནོར་བུ་ནི་འབྲོམ་ཐོད་གྲོང་ཚོར་སྐད་གྲགས་ཆོད་པའི་ཐང་ཤ་དོད་པའི་མི་ཞིག་རེད། གྲོང་ཚོ་ནས་རྫོང་གྲོང་བར་སྤྱི་ལེ་6ཙམ་གྱི་སར་ལས་དོན་སྒྲུབ་པའམ་ཡང་ན་གཟུགས་པོར་བརྟག་དཔྱད་བྱེད་པར་ཁོང་གིས་རྐང་ཐང་མར་འགྲོ་འོང་བྱེད་ཀྱི་ཡོད། ལོ་དེ་དག་ནང་རྒས་པོ་ནོར་བུར་རྒྱལ་ཁབ་ཀྱི་རྒན་གསོའི་ཁ་གསབ་རོགས་དངུལ་ཡོད་པ་མ་ཟད། ད་དུང་སྨན་རིན་སྣ་ཚོགས་འགྲོ་སོང་རྩིས་ཞུའང་བྱས་ཡོད་པ་རེད།
ད་ཆ་བོད་ཀྱི་སྨན་བཅོས་ལག་རྩལ་སྔར་བས་སྔོན་ཐོན་དུ་སོང་བ་དང་། སྨན་བཅོས་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ། གཟིགས་སྐྱོང་སྲིད་ཇུས་དེ་བས་མང་བ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ནས་ས་མཐོའི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད།
འདི་ནི་རྒས་པོ་ནོར་བུའི་འདྲ་པར་ཡིན་པ།
འདི་ནི་རྒས་པོ་ནོར་བུ(གཡས)དང་ཁོང་གི་བུ་ཁྱིམ་གྱི་སྒོ་རའི་ནང་ཁ་བརྡ་གློད་བཞིན་པ།