དབུ་ཤོག>ཆེད་སྒྲིག
  • སྐྱེ་སྟོབས་ཀྱི་དཔལ་འབར་བའི་བོད་ལྗོངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-06-07

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་ལྗོངས་ཀྱིས་སྒྱུར་བཅོས་ཟབ་གཏོང་དང་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་བ་བརྒྱུད། ལྗོངས་ཡོངས་ཀྱི་ཚོང་ལས་དང་། ཕྱི་ཕྱོགས་ཚོང་དོན། ཡུལ་སྐོར་ཐོན་ལས་བཅས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས། རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་དབར་སྤེལ་རེས་ཇེ་ཟབ་ཏུ་ཕྱིན་པ་དང་དུས་མཚུངས་འཛམ་གླིང་དང་འབྲེལ་བ་དང་མཉམ་ལས་ཟབ་ཏུ་ཕྱིན་ཡོད།

    དུས་རབས་གསར་པར་སླེབས་རྗེས། རང་ལྗོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་མཉམ་འདྲེས་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ་དང་། “དོན་ཆེན་བཞིར”དམ་འཛིན་ཡག་པོ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་བཏོད་ཡོད།

    སྒོ་དབྱེ་མགྱོགས་སུ་བཏང་ནས་སྤེལ་རེས་ཀྱི་མིང་བྱང་གཏོད་པ།

    སྒོ་དབྱེ་ནི་ས་ཁུལ་དར་རྒྱས་གོང་འཕེལ་འགྲོ་བའི་ལམ་བུ་ཉག་གཅིག་ཡིན། 2019ལོའི་ཟླ་6ཚེས་14ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཤིང་། ཁོང་གིས“བོད་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་དང་། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས། ས་མཐོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དེ་བས་དགེ་མཚན་ལྡན་པའི་སྒོ་དབྱེའི་སྲིད་ཇུས་ལག་བསྟར། ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་རྒྱ་ཁྱབ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད”ཅེས་གསུངས་ཡོད།

    ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ད་བར་སྐབས་དྲུག་གཉེར་བ་དེ་ཀྲུང་གོའི་བོད་ལྗོངས་དང་འཛམ་གླིང་ས་གནས་ཁག་དབར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ནས། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངགས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པས། ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་ཀྱི་གལ་ཆེའི་རང་བཞིན་མཐོ་ཚད་གསར་པར་སླེབས་རྒྱུར་སྐུལ་འདེད་ཐུབ་ནས་དེ་བས་ཡངས་པའི་བར་མཐོངས་དང་། རིམ་པ་དེ་བས་མཐོ་བ། ཁྱབ་ཁོངས་དེ་བས་ཟབ་པ་བཅས་སུ་བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེ་དང་མཉམ་ལས་སྤེལ་རེས་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་ཐུབ་ངེས་རེད།

    བོད་ལྗོངས་འགྲེམས་ཚོགས་ནི་བོད་ཀྱི་མིང་བྱང་གཞན་ཞིག་ཡིན་པ་དང་། དེས་འཛམ་གླིང་སྐྱེ་བོ་ཀུན་ལ་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་སྟོན་པ་དང་། ད་བར་སྐབས་བཞི་བསྟུད་མར་གཉེར་ཡོད། 2018ལོར་གཉེར་བའི་སྐབས་བཞི་པའི་བོད་ལྗོངས་འགྲེམས་ཚོགས་རྒྱལ་སྤྱི་ཅན་གྱི་ཆུ་ཚད་མཐོ་བ་དང་། སྐབས་འདིའི་བོད་ལྗོངས་འགྲེམས་ཚོགས་ཀྱི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་ཆེད། རང་སྐྱོང་ལྗོངས་ཀྱིས་ཁྱོན་ཕྱི་རྒྱལ་གྱི་སྐུ་མགྲོན་256གདན་ཞུ་བྱས་ཡོད།

    ངོ་མཚར་ཆེ་བ་དང་དངོས་སྒྲུབ་ནུས་ཆེའི་བོད་ལྗོངས་འགྲེམས་ཚོགས་སྐབས་བཞི་པས་བོད་ཀྱིས་ཕྱི་ཕྱོགས་དང་རིག་གནས་སྤེལ་རེས་དང་། ཡུལ་སྐོར་འོས་སྦྱོར། ཚོང་དོན་མཉམ་ལས་བཅས་བྱེད་པའི་ལས་སྟེགས་བཏོད་པས། བོད་ཀྱི་ཡུལ་སྐོར་དང་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་ཐུབ་པ་དང་། བོད་ཀྱིས་ཕྱི་ཕྱོགས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ཀྱིས་ཕྱི་ཕྱོགས་སྒོ་དབྱེ་སྔར་བས་རྒྱ་ཆེར་གཏོང་བ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་ཆེན་པོ་མགྱོགས་མྱུར་བསྐྲུན་ཏེ། འཛམ་གླིང་གིས་བོད་ལྗོངས་ཤེས་རྟོགས་དང་བོད་འདི་ཉིད་འཛམ་གླིང་གི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

    ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བགྲོད་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།

    “ངའི་སྤོ་བོ་ལགས་དང་པ་ཕ་གཉིས་ཀ་ཀྲུང་གོའི་སྐྱིད་གྲོང་འགག་སྒོར་ཚོང་རྒྱག་གི་ཡོད། ང་ད་ཐེངས་ཆེད་མངགས་སྐྱིད་གྲོང་དུ་ཚོང་ལས་ཀྱི་གོ་སྐབས་འཚོལ་བར་ཡོང་བ་ཡིན”2019ལོའི་ཟླ་10ཚེས་20ཉིན། རྒྱལ་སྤྱིའི་ཚོང་དོན་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་གཉིས་པ་སྐྱིད་གྲོང་དུ་འགོ་ཚུགས་ཤིང་། ནེ་པ་ལའི་ཚོང་པ་jevinགྱིས་ནེ་པ་ལ་ནས་དངུལ་ཆས་དང་ཐང་ག་སོགས་ཁྱད་ལྡན་བཟོ་རྩལ་ཐོན་རྫས་ཁྱེར་ཏེ་ཐེངས་དེའི་ཡུལ་སྐོར་དུས་ཆེན་ལ་ཞུགས་ཡོད།

    སྐྱིད་གྲོང་ནི་ལོ་རྒྱུས་ཐོག“ཐང་འཕགས་གནའ་ལམ”གྱི་འགག་སྒོ་གལ་ཆེན་ཞིག་ཡིན་པ་དང་། ད་ཆ་ཀྲུང་གོས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་ཚོང་དོན་བགྲོད་ལམ་གལ་ཆེན་ཞིག་རེད། 1962ལོར་སྐྱིད་གྲོང་དུ་འགག་སྒོ་བཙུགས་པ་དང་། 1978ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྐམ་ལམ་ཚོང་འགྲུལ་འགག་སྒོའི་ཆོག་མཆན་སྤྲད་པ། 2014ལོའི་ཟླ་12ཚེས་1ཉིན་སྐྱིད་གྲོང་གི་ཕྱོགས་གཉིས་རང་བཞིན་གྱི་འགག་སྒོ་དངོས་སུ་ཤར་གཏོང་ཐུབ་པ། 2017ལོའི་ཟླ་8ཚེས་30ཉིན་སྐྱིད་གྲོང་འགག་སྒོས་རྒྱལ་ཁབ་ཕྱོགས་གསུམ་པར་སྒོ་མོ་དབྱེ་རྒྱ་ཆེ་རུ་བཏང་བས་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོར་དངོས་སུ་གྱུར་ཡོད།

    སྐྱིད་གྲོང་འགག་སྒོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་གི་བོད་ཀྱི་སྒོ་དབྱེའི་ལམ་བུར་དཔང་པོ་བྱེད་བཞིན་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དམ་པོར་དམིགས་ནས་བསྟུན་མཁས་དང་། སྒོ་དབྱེ། མཉམ་ལས་བཅས་ཀྱི་སྲིད་ཇུས་ཀྱི་མ་ལག་བསྐྲུན་ཏེ། ཕྱི་ཕྱོགས་སྒོ་དབྱེའི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་བཏང་ཡོད། ཀོང་ཏུང་ནས་བོད་དབར་གྱི་ཨེ་ཤེ་ཡ་དབུས་ལྷོའི་དུས་གཏན་མེ་འཁོར་ཐོག་མ་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱས་ཏེ་ཀོང་ཏུང་དང་། བོད་ལྗོངས། ནེ་པ་ལ་བཅས་དབར་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་གྱི་བགྲོད་ལམ་གསར་པ་བཏོད་ཡོད། བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ནང་ཞུགས་ཏེ་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་ལ་སྐུལ་འདེད་བཏང་བ་དང་། ནེ་པ་ལ་དང་རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ལྕགས་ལམ་དང་གཞུང་ལམ་གྱི་བགྲོད་ལམ་ཧུར་ཐག་བསྐྲུན་པ། “ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ”སྐབས་བཅུ་དྲུག་པ་བདེ་བླག་ངང་འཚོགས་ནས། སྐྱིད་གྲོང་གི་རྒྱལ་མཚམས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་དང་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་འཛུགས་སྐྲུན་སོགས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    ནང་སྐྱེས་སྒུལ་ཤུགས་འཕེལ་བར་བྱས་ནས་མི་དམངས་ལ་བདེ་སྐྱིད་སྐྲུན་པ།

    “རྒྱལ་ཡོངས་ཀྱི་སྔོ་ཚལ་ཧྲོའུ་ཀང་གྲོང་ཁྱེར་ནས་ཐོན་པ་དང་། བོད་ཀྱི་སྔོ་ཚལ་པ་སྣམ་རྫོང་ནས་ཐོན་གྱི་ཡོད” ཉེ་བའི་ལོ་ཤས་རིང་པ་སྣམ་རྫོང་གིས་སྔོ་ཚལ་ཐོན་སྐྱེད་འཕེལ་རྒྱས་བཏང་བས་ཉེ་རིང་གང་སར་སྐད་གྲགས་ཆོད་ཡོད། དེ་དག་ཚང་མ་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་དང་ཞིང་ལས་ལག་རྩལ་རིགས་གཅིག་མཁས་ཅན་གྱི་འབད་བརྩོན་ཆེན་པོ་བྱས་པ་ལས་བྱུང་བ་ཞིག་རེད།

    ལོ་ངོ་20ལྷག་ཙམ་གོང་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་པ་སྣམ་དུ་རོགས་སྐྱོར་བྱེད་པར་ཡོང་བ་དང་ཆབས་ཅིག་ཧྲོའུ་ཀང་གི་དྲོད་ཁང་ཆེན་པོའི་སྔོ་ཚལ་འདེབས་འཛུགས་ལག་རྩལ་ཡང་བསླབས་ཡོད། ད་ཆ་རྫོང་ཡོངས་ཀྱི་ཞིང་དུད་7000ལྷག་ཙམ་ཁྲོད་ནས་དུད་ཚང་3000ལྷག་ཙམ་གྱིས་སྔོ་ཚལ་བཏབ་པས་ཞིང་འབྲོག་པ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་གཞིས་རྩེ་གྲོང་ཁྱེར་གྱི་ཨང་དང་པོར་སླེབས་ཡོད།

    ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་། ཞིང་འབྲོག་ཐིང་། ཞིང་ལས་ཚན་རིག་ཁང་བཅས་དང་དེ་བཞིན་བོད་སྐྱོར་རྣམ་གྲངས་ཀྱི་སྣེ་ཁྲིད་འོག ཞིང་པ་མང་པོ་ཞིག་ཚལ་འདེབས་ཞིང་པར་གྱུར་ནས“དཀའ་ཚེགས་ཆེ་བའི་ཁུལ”ཞེས་གྲགས་པའི་མངའ་རིས་སུའང་ཤིས་ཀྭ་དང་འབྲི་ཏ་ས་འཛིན་བཏབ་ཡོད། ལྗོངས་ཡོངས་ཀྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུ་ཤིང་ཏོག་དང་སྔོ་ཚལ་སོས་པ་སྣ་ཚོཌ་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་དབྱང་གིས་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་འཚོགས་ནས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ། བོད་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་འཆར་འགོད་བྱས་པས། རང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་སྟེ། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་རྩ་ཆེ་རུ་ཕྱིན་ཡོད།

    ལོ་རྒྱུས་ཐོག་བོད་ནི་ཐང་འཕགས་གནའ་ལམ་དང་ཇ་རྟའི་ཚོང་ལམ་སོགས་བགྲོད་ལམ་ཆེ་མོའི་ས་ཆ་གལ་ཆེན་ཞིག་རེད། ད་ཆ་ལྗོངས་ཡོངས་ཀྱི་རེས་སྐོར་གསར་པའི་རིམ་པ་དེ་བས་ཟབ་པ་དང་སྤེལ་ཤུགས་དེ་བས་ཆེ་བའི་སྒྱུར་བཅོས་སྒོ་དབྱེ་བྱེད་འགོ་ཚུགས་པ་དང་། ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྒོ་དབྱེ་དང་གདེང་ཚོད་ཀྱི་ཉམས་འགྱུར་ཐོག་ནས་བློ་རྒྱ་ཆེན་པོས་འཛམ་གླིང་ལ་ཕྱོགས་པ་དང་མཉམ་འདྲེས་བྱས་ཏེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།