གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་རིམ་རྩིས་བྱས་ན་ཞིང་ཁྱིམ་གསང་སྤྱོད་ཁྲི་27བསྒྱུར་བཀོད་བྱས་ཏེ་གྲོང་ཚོ་90%ཡན་གྱི་འཚོ་བའི་གད་སྙིགས་བཅོས་སྒྲིག་དང་། གྲོང་ཚོ་30%ཡན་གྱི་འཚོ་བའི་བཙོག་ཆུ་གང་བྱུང་དུ་འབུད་པའི་གནད་དོན་ཚོད་འཛིན། གྲོང་ཚོ་40%གཞི་རྩའི་ཆ་ནས་མི་ཕྱུགས་ལོགས་དབྱེ་བཅས་ཐུབ་ནས་ཞིང་འབྲོག་པར་གཙང་སྦྲར་དང་དོད་བྱེད་པའི་འཚོ་བའི་གོམས་གཤིས་བཟང་པོ་ཞིག་རིམ་བཞིན་འཇགས་ཡོད།
གྲོང་ཚོ་གཙང་ཞིང་མཛེས་ལ་གྲོང་མི་ཚོའི་བསམ་པའི་ཉམས་འགྱུར་ཡང་སྔར་བས་འཕེལ་ཡོད།
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ་དང་། རྒྱ་ཆེ་བའི་འགྲོ་ལམ། གཙང་ཞིང་གྲལ་འགྲིག་པའི་གྲོང་ཚོའི་ཁོར་ཡུག་བཅས་མཐོང་རྒྱུ་ཡོད།
ལྗང་གྲོང་ཚོའི་གྲོང་མི་ཆུང་བག་གྲོས“སྔོན་ཆད་གྲོང་ཚོའི་ནང་ཕག་པ་དང་། ནོར་ལུག བྱ་དེ་སོགས་གང་སར་གློད་དེ་བྱ་སྐྱག་དང་ལྕི་བ། སྦྲང་མ། གད་སྙིགས་བཅས་ཀྱིས་ཁེངས་ཡོད་ལ། དྲི་ངན་ཡང་གང་ས་ནས་འཐུལ་གྱི་ཡོད། ད་ཆ་གྲོང་ཚོར་ཆེད་མངགས་གད་སྙིགས་འཇོག་ས་བཟོས་པས་གྲོང་ཚོ་གཙང་དུ་སོང་བ་མ་ཟད། ང་ཚོས་ཀྱང་གྲོང་ཚོའི་གཙང་སྦྲ་དོད་པའི་ཁོར་ཡུག་ལ་དེ་བས་གཅེས་སྤྲས་བྱེད་ཀྱི་ཡོད”ཅེས་བཤད།
བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐིང་ཀྲང་ཏུའུ་ཅེ་ཡིས། བོད་ཀྱི་ཞིང་འབྲོག་ཁུལ་དུ་འཚོ་བའི་གད་སྙིགས་བསྡུ་ཉར་སྒྲིག་ཆས་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ། ཞིང་འབྲོག་ཁུལ་གྱི་གད་སྙིགས་གཅིག་སྡུད་ཐག་གཅོད་བྱ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད། གོམ་སྟབས་རྗེས་མར་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ་སྐྱེ་ཁམས་སྡོད་མལ་ལ་འཚམ་པ་དང་། མི་ཆོས་རིག་གནས་ཞི་མཐུན། འཚོ་བ་མཛེས་སྡུག་ལྡན་པ་བཅས་ཀྱི་ཞིང་འབྲོག་ཁུལ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་ཞེས་བཤད།
ཞིང་ཁྱིམ་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་ཁྲོད་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི། ཆབ་མདོ་སོགས་གྲོང་ཁྱེར་རིམ་པའི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང(ཆུས)གི་མང་ཚོགས་ཚོས་ལོ་ལྟར་དཔྱིད་དུས་སུ་ལུད་བཏོན་ཏེ། ལུད་ཞིང་ཁར་བརྒྱབ་ནས་ལུད་གནོད་མེད་ཅན་གྱི་ཐག་གཅོད་དང་ཐོན་ཁུངས་ཅན་གྱི་སྒོ་ནས་སྤྱོད་ཐུབ་པ་བྱུང་ཡོད།
གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་རྒྱུའི་ཐད། བོད་ཀྱི་ས་གནས་ཁག་གིས་སྒོ་ཕྱུགས་ལོགས་སུ་འཇོག་པ་དང་གྲོང་ཚོའི་ཕྱི་རུ་འཚོ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་ཕྱུགས་ལོགས་དབྱེའི་འདུ་འགོད་ལག་བསྟར་ཧུར་ཐག་བྱས་པས་གང་སར་སྒོ་ཕྱུགས་ཀྱི་ལྕི་བས་ཁེངས་པའི་རྣམ་པར་འགྱུར་ལྡོག་ཕྱིན་ནས་མི་ཕྱུགས་གཉིས་ཀར་ནད་ཕོག་པའི་ཉེན་ཁ་ཆུང་དུ་ཕྱིན་ཡོད།
མིག་སྔའི་བར་བོད་ཀྱི་གྲོང་ཚོ་5239ཡིས་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དེ་གྲོང་སྲོལ་དམངས་ཆིངས་ནང་བཅུག་སྟེ། གྲོང་ཚོ་4482ཀྱིས་གྲོང་ཚོའི་གཙང་སྦྲའི་ལམ་ལུགས་བཟོས་ནས་གྲོང་ཚོའི་གད་པ་44072ཟིན་པ་དང་། གྲོང་ཚོ་228ལ་ཆེད་ལས་ཅན་དང་ཁྲོམ་ར་ཅན་གྱི་གཉེར་སྐྱོང་དོ་དམ་དང་སྲུང་སྐྱོང་བྱས་ཏེ་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་དཔེ་སྟོན་གྲོང་ཚོ་1000བཙུཌ་ཡོད་པ་རེད།
ལོ་76ལ་སླེབས་པའི་གྲོང་མི་སྤེན་པ་ཚེ་རིང་ནི་ཆུང་དུས་ནས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་གི་ཉེ་འཁོར་དུ་འཚར་ལོངས་བྱུང་བ་དང་། འདས་ཟིན་པའི་ལོ་བཅུ་ཕྲག་ནང་ཁོང་གིས་བར་སྐོར་ཁྲོམ་གཞུང་གི་སྤྱི་པའི་གསང་སྤྱོད་ཀྱི་འགྱུར་ལྡོག་ལ་བདེན་དཔང་བྱས་ཤིང་། ཁོང་གིས“ལོ་དེ་དག་ནང་ལྷ་སའི་སྤྱི་པའི་གཙང་སྤྱོད་ཀྱི་ཁོར་ཡུག་ཇེ་ལེགས་སུ་སོང་ཡོད་ལ། གཙང་སྦྲ་ཡང་ཧ་ཅང་ཡག་པོ་འདུག”ཅེས་བཤད།
སྤེན་པ་ཚེ་རིང་གིས་དྲན་གསལ་ལ་དུས་རབས་20པའི་ལོ་རབས་90པའི་ནང་ལྷ་ས་གྲོང་ཁྱེར་དུ་སྤྱི་པའི་གསང་སྤྱོད་ཧ་ཅང་ཉུང་བ་དང་མང་ཆེ་བ་གྲོང་མིའི་སྒོ་རའི་ནང་ཡོད་པ་མ་ཟད། ཕོ་མོའི་དབྱེ་བའང་མེད་པས་གསང་སྤྱོད་ལ་འགྲོ་སྐབས་སྔོན་ལ་སྒོའི་ཕྱི་ནས་མི་ཡོད་མེད་སྐད་ཆ་འདྲི་དགོས་པས་ཧ་ཅང་སྟབས་བདེ་པོ་མེད་ལ་གཙང་སྦྲའང་ཞན་པོ་ཡོད།
སྤེན་པ་ཚེ་རིང་གིས“ད་ཆ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་གྲོང་ཁྱེར་གྱི་གསང་སྤྱོད་དག་ཆུ་བཤལ་གསང་སྤྱོད་དུ་འགྱུར་ཡོད་ལ། ང་ཚོའི་ནང་གི་གསང་སྤྱོད་ཀྱང་ལོ་ཤས་གོང་ནས་ཆུ་བཤལ་གསང་སྤྱོད་བཟོས་པ་ཡིན། ད་ཆ་བར་སྐོར་ཁྲོམ་གཞུང་དུ་གོམ་པ་ཁ་ཤས་སོང་ཚེ་སྤྱི་པའི་གསང་སྤྱོད་རེ་མཐོང་རྒྱུ་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བཤད།
གསང་སྤྱོད་ལས་དམངས་འཚོ་མངོན། བོད་ཀྱིས་ལྗོངས་ཡོངས་སུ“གསང་སྤྱོད་གསར་བརྗེའི”ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་མིག་སྔར་འགྲིམ་འགྲུལ་ལམ་རྒྱུད་ཀྱི་གཞུང་ལམ་ཨ་མ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། རྫོང་ཆུས་དང་། ཤང་དང་གྲོང་རྡལ། གྲོང་ཚོ། སྡེ་ཁུལ་བཅས་སུ་གསང་སྤྱོད་2000ཙམ་གསར་སྐྲུན་སྒྱུར་བཀོད་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། བཀོད་སྒྲིག་ཚན་རིག་དང་མཐུན་པ། ནུས་པ་ཆ་ཚང་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་བཀོད་པ་ཞིག་གྲུབ་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། “གསང་སྤྱོད་གསར་བརྗེ”ལ་བརྟེན་ནས་བོད་ཀྱི་སྤྱི་པའི་གསང་སྤྱོད་ཀྱི་འཆར་འགོད་ཆ་ཚང་པོ་མེད་པ་དང་། མཁོ་སྤྲོད་བྱེད་ཚད་ཉུང་བ། འཛུགས་སྐྲུན་སྤུས་ཚད་ཞན་པ། གཉེར་སྐྱོང་དོ་དམ་ཞན་པ་བཅས་ཀྱི་རྣམ་པར་གཞི་རྩའི་ཆ་ནས་འགྱུར་ལྡོག་ཕྱིན་པ་དང་ཆབས་ཅིག བོད་ཀྱི་ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྐྱེ་ཁམས་ཤེལ་དཔལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་གི་ཡུལ་སྐོར་དམིགས་སའི་ཁུལ་གཏོད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཟུགས་བརྙན་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།