འདི་ནི་ཟླ་5ཚེས་26ཉིན་པར་བླངས་པའི“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་ཡིན་པ།
ཅང་ཤིས་ཞིང་ཆེན་ཡུས་ཏུའུ་རྫོང་དང་། ཀོང་ཏུང་ཞིང་ཆེན་ཁྲའོ་ཀྲོའུ་གྲོང་ཁྱེར་ཤང་ཆའོ་ཆུས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་ཐོན་47པ། ཧྲའན་ཤིས་ཞིང་ཆེན་ཡན་ཁྲོན་རྫོང་ཝུན་ཨན་དབྱི་གྲོང་རྡལ། ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིན་ཆུས་ཧུང་ཆའོ་ཁྲོམ་གཞུང་། པེ་ཅིང་སློབ་ཆེན། ཨན་ཧྲན་ངར་ལྕགས་ཚོགས་པ། ཡུན་ནན་ཞིང་ཆེན་དམག་ཁུལ་གྱི་ཁུན་མིང་གི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ལུས་གསོ་ཁང་སོགས་ས་ཆ་དང་སྡེ་ཚན་མང་པོར་རྔམ་བརྗིད་ལྡན་ལ་བབ་ཆགས་པའི་མཛད་སྒོ་འཚོགས་ནས་2021ལོའི་ཟླ་7ཚེས་1ཉིན་བར་ཏང་ལོ་50ཟིན་པའི་ད་ལྟ་འཚོ་བཞུགས་ཀྱི་ཏང་ཡོན་དང་སྔ་ཕྱི་བར་གསུམ་དུ་སྤྱོད་ཚུལ་ཡག་པའི་ཏང་ཡོན་ལ“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་གསོའི་རྟགས་མ་སྤྲད་པ་རེད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མ་ཐོག་མར་སྤྲད་པ་དེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དྲན་རྟེན་རྟགས་མ་སྤྲོད་པའི་ལས་དོན་དེ་འདི་ལོའི་ཟླ་7ཚེས་1ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་རྒྱལ་ཡོངས་སུ་ཏང་ཡོན་རྒན་གྲས་ཁྲི་710ལྷག་ཙམ་ལ་དྲན་རྟེན་རྟགས་མ་སྤྲོད་རྒྱུ་རེད། ཐེངས་དང་པོ་སྤྲད་རྗེས་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཡིན་པའི་ངོས་ནས་ལོ་རེའི“བདུན་པའི་ཚེས་གཅིག”ཉིན་དྲན་རྟེན་རྟགས་མ་ཐེངས་རེ་གཅིག་སྡུད་ཐོག་སྤྲོད་རྒྱུ་རེད།
“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་དྲན་རྟེན་རྟགས་མའི་ཚངས་ཐིག་ལ་ཧའོ་སྨི་50ཡོད་པ་དང་། རྒྱུ་ཆ་ནི་ཟངས་དང་ཏི་ཚ་མཉམ་བསྲེས་ཀྱི་ལྕགས་རིགས་ཡིན་ལ། ཁ་དོག་གཙོ་བོ་ནི་དམར་པོ་དང་གསེར་མདོག་ཡིན། རྟགས་མ་གཙོ་བོ་དེ་ཏང་རྟགས་དང་། ཟུར་ལྔའི་སྐར་མ། དར་ཆ། རྡོ་རིང་། ཉི་མ་མེ་ཏོག གཟི་བརྗིད་མེ་ཏོག འོད་ཟེར་སོགས་ལས་གྲུབ་པ་དང་། དེའི་ཁྲོད་ཏང་རྟགས་ཀྱིས་ཏང་གི་འགོ་ཁྲིད་ཀྱི་སྲོག་ཤིང་གི་གནས་བབ་དང་། ཏང་ཡོན་གྱི་དད་སེམས་བརྟན་པོ། ཏང་ལ་ལྷག་བསམ་རྣམ་དག་བཅས་མཚོན་པ་དང་། རྡོ་རིང་གིས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་བྱས་རྗེས་རླབས་པོ་ཆེ་མཚོན་པ། ཉི་མ་མེ་ཏོག་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་མཚོན་པ། འོད་ཟེར་གྱིས་ཏང་གི་འོད་སྟོང་འཕྲོ་ བ་མཚོན་པ། ཟུར་ལྔའི་སྐར་མས་གཅིག་རྒྱུད་གཅིག་འཛིན་མཚོན་པ། གཟི་བརྗིད་མེ་ཏོག་གིས་དར་རྒྱས་ཕུན་སུམ་ཚོགས་པ་དང་། རྒྱལ་དར་དམངས་བདེ། གཟི་བརྗིད་ལ་གཟེངས་བསྟོད་བཅས་མཚོན་པ། དར་ཆས་གུང་ཁྲན་རིང་ལུགས་ཀྱི་བླ་ན་མེད་པའི་ཕུགས་བསམ་དང་བྱ་གཞག་རྒྱུན་མཐུད་མཚོན་པ། ལུང་རྟགས་ནི་རི་ཀླུང་དང་། ཀྲུང་གོའི་མདུད་པ། དར་སྐུད་དམར་པོ་སོགས་ཀྱི་གཞི་རྒྱུ་ལས་གྲུབ་པ་ཞིག་ཡིན་པ་དང་དར་འཛར་ཐོག“ཏང་ནང་གི་གཟི་བརྗིད་ལྡན་པའི་ལོ་ངོ་50”ཞེས་པའི་ཡི་གེ་བརྐོས་པ་དེས་ཏང་ཡོན་གྱིས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་ཡང་རྩེར་འཛེགས་ཕོད་པ་དང་ལང་ཚོ་ནམ་ཡང་མི་ཉམས་པ་མཚོན་ཡོད།