འདི་ནི་ཟླ་བ་དྲོད་ཁང་ཆེན་མོའི་ནང་འབྲི་ཏ་ས་འཛིན་འཐུ་བའི་ལས་ལ་བྲེལ་བཞིན་པ།
བྲག་ཡིབ་ཆུས་བཅུ་འཕར་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཟླ་བ་ཞོགས་པ་སྔ་པོ་ནས་རང་ཁྱིམ་གྱི་དྲོད་ཁང་ཆེ་མོ་གཉིས་ཀྱི་ནང་ལས་ལ་བྲེལ་འགོ་ཚུགས། ཅུང་མ་འགོར་བར་ཁོང་གིས་འབྲི་ཏ་ས་འཛིན་སོས་པ་སྤྱི་རྒྱ་100སྒམ་རེར་སྤྱི་རྒྱ་2བྱས་ཏེ་ཁྱོན་སྒམ་50བཟོས་ནས་རླངས་འཁོར་ལ་བླུགས་རྗེས་གཞི་ནས་བྲེལ་འཚུབ་ངང་ཞོགས་ཟས་ཟ་བར་བསྐྱོད།
བཅུ་འཕར་གྲོང་ཚོ་ནི་ཉིང་ཁྲིའི་ཉེ་རིང་གང་སར་སྐད་གྲཌ་ཆོད་པའི“འབྲི་ཏ་ས་འཛིན་གྱི་གྲོང་ཚོ”ཞིག་ཡིན་པ་དང་། བཅུ་འཕར་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཟླ་བས་སྔ་བར་ཕྱི་གསུམ་དུ་གྲོང་ཚོ་ཡོངས་ཀྱི་བུད་མེད་ཚོའི་སྣེ་ཁྲིད་དེ། འབྲི་ཏ་ས་འཛིན་བཏབ་ནས་རང་ཉིད་ཀྱི་བྱ་གཞག་གཉེར་གྱི་ཡོད། ཁོང་ནི་བསམ་པའི་ཁ་ཕྱོགས་གསལ་བ་དང་། གསར་གཏོད་ཀྱི་སྙིང་སྟོབས་ལྡན་པ། བསམ་ཕོད་པ་དང་བྱེད་ཕོད་པ། དཀའ་ངལ་དང་ཕམ་ཁར་མི་སྐྲག་པ་བཅས་ཀྱི་བུད་མེད་ཅིག་རེད།
མིག་སྔར། འབྲི་ཏ་ས་འཛིན་ཀྱི་ཐོན་འབབ་བཟང་ལ་འབྲས་བུ་ཆེ་བས་འབྲི་ཏ་ས་འཛིན་གྱི་ཕྱིར་ཚོང་དུས་ཚིགས་ཡག་ཤོས་རེད། “ལྷ་སར་ཚོགས་འདུ་འཚོག་པར་འགྲོ་དགོས་བྱུང་ཚེ་ལྷ་སའི་ཁྲོམ་རར་ཕྱིར་ཚོང་བྱེད་པའི་གོ་སྐབས་དེ་གཏན་ནས་ཤོར་མི་རུང་། ད་ཐེངས་ཀྱི་གོ་སྐབས་དེ་ལ་བརྟེན་ནས་ང་ཚོ་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་ལྷ་སར་བྲིན་ཁ་རྒྱུག་པོ་ཡོང་བའི་རེ་བ་ཡོད”ཅེས་ཟླ་བས་འཛུམ་དམུལ་དམུལ་ངང་བཤད།
ཟླ་4ཚེས་16ཉིན་བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་བཅུ་པའི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་ལྷ་སར་འཚོགས་ཤིང་། བཅུ་འཕར་གྲོང་ཚོའི་བུད་མེད་ཀྲུའུ་རེན་ཟླ་བ་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་རེད།
འབྲི་ཏ་ས་འཛིན་བྱུར་བུར་བླུགས་པའི་རླངས་འཁོར་སྒོ་རའི་ནང་བར་གཏོང་སྐབས་བུད་མེད་འཐུས་མི་མི་ཉུང་བ་ཞིག་ཧང་སངས་ཏེ་འབྲི་ཏ་ས་འཛིན་མང་པོ་འདི་འདྲ་བྲིན་ཨེ་ཡོང་ཞེས་དྲིས། ཟླ་བ་དངངས་འཚབ་དེ་ཙམ་བྱེད་ཀྱི་མེད་ཅིང་། ཁོང་གིས་སྤྱི་གནོད་མེད་ལ་སྤུས་ཀ་དག་པ་དང་སོས་པ་ཡིན་པའི་ཁར་མངར་སིལ་ལྡན་པའི་བཅུ་འཕར་གྲོང་ཚོའི་འབྲི་ཏ་ས་འཛིན་ལ་སྐུ་མགྲོན་ཚོས་ཏན་ཏན་དགའ་པོ་བྱེད་ངེས་རེད་སྙམ་གྱི་ཡོད།
ངོ་མ་བསམ་ཚོད་ལྟར་འབྲི་ཏ་ས་འཛིན་སྤྱི་རྒྱ་100བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་སྒོ་ར་ཁོ་ན་ནས་ཚང་མ་བྲིན་ཞིང་། ཡོང་འབབ་སྒོར་8000ནི་ཟླ་བའི་རྔུལ་ཆུར་བརྟེན་ནས་བྱུང་བ་ཞིག་ཡིན་ལ་དེ་ནི་ཁོང་གི་ཞུམ་མེད་མདུན་སྐྱོད་དང་བསམ་ཕོད་པ་དང་བྱེད་ཕོད་པའི་སྙིང་སྟོབས་ཀྱི་དཔང་པོ་རེད།
“ད་རེས་ཀྱི་ཚོགས་འདུའི་ཐོག འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་ནས་རྒྱ་ཆེའི་བུད་མེད་ཚོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་འཇོག་རྒྱུའི་སྐུལ་སློང་བྱས་ཏེ། ལས་རིགས་ཁག་གི་བུད་མེད་བློ་མཐུན་ཚོའི་ནུས་པ་གང་ལེགས་འདོན་དགོས་པའི་ནན་བཤད་བྱས་སོང་། ད་ཆ་ཏང་གི་སྲིད་ཇུས་ཧ་ཅང་ཡག་པོ་ཡོད་པས་བུད་མེད་བློ་མཐུན་ཚོས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པ་བྱེད་དགོས། ངས་ངེས་པར་དུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་བཏོན་ནས་བུད་མེད་མང་ཚོགས་དེ་བས་མང་བའི་སྣེ་ཁྲིད་དེ་འཚོ་བ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུ་ཡིན”ཞེས་ཟླ་བས་བཤད།