ཉེ་དུས། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་རྩ་འཛུགས་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)བཀྲམ་པ་མ་ཟད་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་བརྩི་སྲུང་དང་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱའང་བཏོན་ཡོད་པ་རེད།
བརྡ་ཐོའི་ནང་བསྟན་དོན། ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ནས་བྱུང་བ་ཞིག་ཡིན་པས་རྩ་འཛུགས་དམ་ནན་ཡོང་བ་བྱ་རྒྱུ་ནི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་དམིགས་བསལ་གྱི་ལེགས་ཆ་ཞིག་རེད། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏང་གི་རྩ་འཛུགས་ལས་དོན་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་བ་འདི་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་གཞི་འཛིན་ས་ཞིག་རེད། 《སྲོལ་ཡིག》བཟོས་པ་དང་ལག་བསྟར་བྱས་པ་དེར་ཏང་གིས་རྩ་འཛུགས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་བ། རྩ་འཛུགས་ལས་དོན་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དྲིལ་བསྒྲགས་འཆད་འགྲེལ་དང་ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱེད་པ་དང་རྩ་འཛུགས་ལས་དོན་གྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྩ་འཛུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《སྲོལ་ཡིག》ལག་བསྟར་བྱེད་རིང་ཐོན་པའི་གནས་ཚུལ་གལ་ཆེན་དང་གྲོས་འགོ་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས།