དབུ་ཤོག>ཆེད་སྒྲིག
  • ལུས་སྦྱོང་བྱེད་སྒོ་འཁྲུག་ཆ་དོད། རིག་གནས་འཛད་སྤྱོད་ཕུན་སུམ་ཚོགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-03

    “དགུ་བཅུའི་ནང་སྐྱེས”ཀྱི་བོད་རིགས་བུ་མོ་བློ་བཟང་སྒྲོལ་མས་ཉིན་གུང་གི་ངལ་གསོའི་དུས་ཚོད་ཐུང་ཐུང་ལས་མེད་ཀྱང་ལུས་སྦྱོང་བྱེད་པར་འགྲོ་ཡི་ཡོད། ཁོང་གིས་ལྷ་སར་ལོ་ཆུང་བྱིས་པའི་མོ་ཐྲོལ་དང་མཛེས་དཔྱད་སློབ་གསོའི་གསོ་སྦྱོང་སྒྲིག་གཞི་ཞིག་བཙུགས་ཡོད། བྱེད་སྒོ་ཆེ་གྲས་མ་སྤེལ་གོང་དུ་ལས་དུས་འཕར་མ་བྱེད་པ་ནི་རྒྱུན་རྣམ་ཞིག་ཡིན། འོན་ཀྱང“རང་གཅུན་བྱས་ཚེ་གཞི་ནས་རང་དབང་ཡོད་པའི”ངོས་འཛིན་བྱེད་མཁན་ཁོང་གི་ངོས་ནས་བརྗོད་ན། ལས་ཀ་བྲེལ་བ་ཆེ་བ་དང་ས་མཐོའི་ཁོར་ཡུག་སོགས་ནི་ལས་ཞོར་དུས་ཚོད་ནང་སྐྱིད་པོ་བྱས་ནས་སྡོད་པའི་རྒྱུ་མཚན་ཞིག་གཏན་ནས་མ་རེད།

    ཅི་འཕྲོས་མོལ་འཕྲོས་དང་ཉི་མ་བསྲོ་བཞིན་དལ་དལ་ལྷོད་ལྷོད་ངང་སྡོད་པ་ནི་ཡུལ་སྐོར་བ་མང་པོ་ཞིག་གི་བསམ་ཚོད་ནང་གི་ས་མཐོའི་འཚོ་བ་ཡིན་སྲིད། འོན་ཀྱང་མིག་སྔའི་བོད་ཀྱི་འཚོ་བ་སྐྱེལ་སྟངས་ནི་དེ་འདྲའི་བག་ཕེབས་ཤིག་ག་ལ་ཡིན། ཆུ་ཚོད་བརྒྱད་ཀྱི་ལས་དུས་ཕུད་གཞོན་ནུ་དེ་བས་མང་བས་རང་ཉིད་ཀྱི་ཤེས་བྱའི་དགོས་མཁོ་སྐོང་རྒྱུ་དང་ཡང་ན་སྣ་མང་གི་འཚོ་བ་སྐྱེལ་བཞིན་ཡོད། ཕུན་སུམ་ཚོགས་པའི་རིག་གནས་དང་། ལུས་རྩལ། ཞབས་ཞུ་བཅས་མཁོ་འདོན་བྱེད་ཚད་སྔར་བས་མང་དུ་ཕྱིན་པས་ས་མཐོའི་འཚོ་བར་ཡང་རྣམ་པ་མི་འདྲ་བ་ཞིག་ཐོན་ཡོད།

    “ལྷ་སའི་ལུས་སྦྱོང་ཁང་གི་ཁྲོམ་ར་སྔར་བཞིན་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཚོང་ཤག་ལ་རང་གཤིས་ཅན་དང་ཆེད་དམིགས་ཅན་གྱི་ལུས་སྦྱོང་ཞབས་ཞུའི་དགོས་མཁོ་ཆེན་པོ་ཡོད”ཅེས་ལྷ་སར་ལུས་སྦྱོང་རྩལ་ཁྲིད་པ་བྱེད་བཞིན་པའི་དབྱི་པ་ཡིས་བཤད།

    ཚོང་ལས་ལུས་སྦྱོང་ཁང་ཕུད་བོད་ཀྱི་སྤྱི་པའི་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་བྱས་པ་དེས་ས་མཐོའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་ཚོར་སྟབས་བདེ་བསྐྲུན་ཡོད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོའི་ལྟེ་གནས་དང་། ལུས་སྦྱོང་གི་རྐང་ཐང་ལམ་བུ། ཤང་དང་གྲོང་རྡལ་གྱི་ནུས་མང་ལུས་རྩལ་ཐང་། ར་སྐོར་རྐང་རྩེད་སྤོ་ལོའི་ཐང་སོགས་མང་ཚོགས་ཀྱི་ལུས་སྦྱོང་འདུ་འགོད་700ལྷག་ཙམ་ལག་བསྟར་བྱས་པ་དང་། མིག་སྔའི་བར། བོད་དུ་ལུས་རྩལ་ཐང་8100ལྷག་ཡོད་པ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”དུས་མཇུག་གི་གྲངས་གཞི་ལས་120%འཕར་བ་དང་། ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་527ཙམ་ཟིན་པས་མི་རེར་ཆ་སྙོམས་རྒྱ་ཁྱོན་སྨི་ངོས་གྲུ་1.6ཟིན་གྱི་ཡོད།

    མིག་སྔར། བོད་ལ་རྟག་ཏུ་ལུས་རྩལ་སྦྱོང་བརྡར་བྱེད་མཁན་མི་གྲངས་ཁྲི་99.7ཟིན་པ་དེས་རང་སྐྱོང་ལྗོངས་ཀྱི་མི་འབོར་བསྡོམས་འབོར་གྱི་བཅུ་ཆ་གསུམ་ཙམ་བཟུང་ཡོད། བོད་རིགས་ཕོ་གསར་ནོར་བུ་ནི་དེའི་གྲས་ཤིག་ཡིན་པ་དང་ཁོང་དང་གྲོགས་པོ་ཚོས་རང་ཉིད་ཀྱིས་དངུལ་བཏང་ནས་ལྷ་སར“སློབ་གྲྭའི་ལན་ཆིའུ་སྤོ་ལོའི་འགྲན་བསྡུར”གཉེར་བ་དང་། གཟའ་མཇུག་རེར་སློབ་གྲྭ་རེ་བདམས་ནས་འགྲན་བསྡུར་བྱས་ཏེ་ལན་ཆིའུ་སྤོ་ལོར་དགའ་པོ་བྱེད་མཁན་ཚོ་མཉམ་འཛོམས་བྱེད་ཀྱི་ཡོད།

    དམངས་ཁྲོད་ལུས་རྩལ་གྱི་ཚ་རླབས་འཕྱུར་བ་ཕུད་རིག་གནས་འཛད་སྤྱོད་ཀྱི་གདམ་ག་ཡང་ཉིན་བཞིན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། གྲོང་ཁྱེར་དུ་རིག་གནས་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་སྣ་ཚོགས་ནི་དུས་ཆེན་དང་ངལ་གསོའི་རིང་གྲོང་མི་ཚོ་བསྐྱོད་མང་ཤོས་ཀྱི་གནས་སུ་གྱུར་ཡོད། ཟླ་གསུམ་པར་འོ་ཐང་གི་གཅེས་ནོར་ཞེས་པའི་ལྷ་ས་གྲོང་ཁྱེར་གྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་འགྲེམས་སྟོན་དེ་བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་དུ་འགོ་ཚུགས་པ་དང་། འཛམ་གླིང་རྟེན་རྫས་བཤམས་མཛོད་ཁང་གི་ཉིན་མོར་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་དངོས་སུ་སླར་གསོ་བྱུང་བ། བོད་ལྗོངས་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་གི་སྒོ་བྱང་བཀལ་ནས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རྟེན་རྫས་བཤམས་མཛོད་ཁང་ལ་གཏན་འཁེལ་བྱས་པ། ཟླ་5ཚེས་19ཉིན་གསར་རྩོམ་ལྷ་མོའི་འཁྲབ་གཞུང《ཚེ་རིང་ལྷ་མོ》ཞེས་པ་ལྷ་སར་རིན་མེད་འཁྲབ་སྟོན་བྱེད་འགོ་ཚུགས་པ་རེད།

    གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཐོན་རྫས་དང་ཞབས་ཞུ་ཡིས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་ཡོད། “བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ”སྟེ་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་དུ་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོའི་བཤམས་སྟོན་ཁང་བཙུགས་པ་དང་། ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གསར་བརྗེའི་ཐོག་རྩེག་ཁང་སོགས་ཀྱི་རྗེས་ཤུལ་ལ་དམིགས་ནས། རྒྱལ་ལམ་318ལམ་རྒྱུད་ཀྱི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱས་ཏེ་གསར་བརྗེའི་ལོ་རྒྱུས་ཀྱི་རྗེས་ཤུལ་གསར་སྤེལ་དང་བེད་སྤྱོད་བྱས་ཡོད། མིག་སྔར། བོད་ཀྱིས་སྲིད་འཛིན་གྲོང་ཚོའི་རིག་རྩལ་འཁྲབ་སྟོན་རུ་ཁག་5492བཙུགས་པ་དེ་དག་སྲིད་འཛིན་གྲོང་ཚོ་ཚང་མར་ཕྱོགས་ཡོངས་ནས་ཁྱབ་པ་དང་། རྫོང(ཆུས)76གི་སྒྱུ་རྩལ་ཚོགས་པ་བསྣན་ན་རིག་རྩལ་འཁྲབ་སྟོན་མི་སྣ་ཁྲི་10ཙམ་གྱིས་ཞིང་འབྲོག་ཁུལ་དུ་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད།

    རྒྱལ་ཡོངས་ཀྱི་དེ་སྔའི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་གྱི་དབུལ་པོའི་ས་ཁུལ་འབའ་ཞིག་ཡིན་པའི་བོད་ཀྱིས་2019ལོའི་ལོ་མཇུག་ཏུ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་མེད་པར་བཟོས་ཡོད། ལྟོ་གོས་ལ་ཐོགས་པ་མེད་པས་གངས་ལྗོངས་ས་མཐོའི་མི་རྣམས་ཀྱིས་དེ་བས་མཛེས་སྡུག་ལྡན་ལ་སྤྲོ་སྣང་ལྡན་པའི་འཚོ་བར་རེ་སྨོན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།