འདི་ནི་ཀྲའོ་དབྱི་མན་དང་བུའི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ཀྲའོ་དབྱི་མན་ལ་དང་ཐོག་ལི་ཁུན་ཐའེ་ཟེར་ཞིང་། 1905ལོའི་ཟླ་10ཚེས་25ཉིན་སི་ཁྲོན་དབྱི་པིན་གྱི་ས་བདག་ཞིག་གི་ཁྱིམ་དུ་འཁྲུངས། ལྔ་བཞིའི་ལས་འགུལ་ལངས་རྗེས་ཀྲའོ་དབྱི་མན་གྱིས《སྣེ་ཤན་པ》དང་། 《གཞོན་ནུ་གསར་པ》《བུད་མེད་ཀྱི་གཟའ་འཁོར་རེའི་ཚགས་པར》སོགས་གསར་བརྗེའི་དཔེ་དེབ་དང་དུས་དེབ་ཀློག་འགོ་ཚུགས་ནས་གསར་བརྗེའི་བསམ་བློ་གསར་པའི་མྱུ་གུ་འབུས་འགོ་ཚུགས། 1923ལོའི་དགུན་དུས་སུ། ཀྲའོ་དབྱི་མན་ཀྲུང་གོ་སྤྱི་ཚོགས་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས། 1926ལོའི་སྟོན་ཁར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། ལོ་དེའི་ཟླ་11པར། ཁོང་ཝུའུ་ཧན་ཀྲུང་དབྱང་དམག་དོན་ཆབ་སྲིད་སློབ་གྲྭར་སློབ་སྦྱོང་གནང་།
1927ལོའི་ཟླ་9པར། ཀྲའོ་དབྱི་མན་སུའུ་ལེན་གྱི་མོ་སི་ཁོའི་ཀྲུང་ཧྲན་སློབ་ཆེན་དུ་སློབ་སྦྱོང་གནང་བར་ཕེབས། ལོ་གཉིས་པར་རྒྱལ་ནང་དུ་ལོག་རྗེས་དབྱི་ཁྲང་དང་། ནན་ཁྲང་། ཧྲང་ཧའེ་སོགས་སུ་གསང་བའི་སྒོ་ནས་ཏང་གི་ལས་དོན་བསྒྲུབས།
1931ལོའི“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་བྱུང་རྗེས། ཀྲའོ་དབྱི་མན་བྱང་ཤར་ས་ཁུལ་དུ་རི་འགོག་དམག་འཁྲུག་སྐུལ་སློང་བྱེད་པར་མངགས། ཁོང་གིས་བཟོ་པའི་སྣེ་འཁྲིད་དེ་ལས་མཚམས་འཇོག་པའི་ལས་འགུལ་སྤེལ་བ་དང་། ཞིང་པ་གཞོན་ནུའི་རི་འགོག་ངེས་མེད་རྒོལ་རྡུང་རུ་ཁག་སྒྲིག་འཛུགས་ཀྱིས་དགྲ་བོ་དང་འཐབ་རྩོད་གནང་།
1935ལོའི་སྟོན་ཁར། ཀྲའོ་དབྱི་མན་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་ཅུན་ཤོག་3པའི་ཧྲི་ཤོག་དང་པོ་ཐོན་ཤོག་2པའི་ཆབ་སྲིད་ཨུ་ཡོན་གྱི་འགན་འཁུར། ཟླ་11པའི་རིང་། ཐོན་ཤོག་2པ་རི་པིན་དང་སྲིད་གཞུང་རྫུས་མའི་དམག་གིས་རི་གསེབ་ཏུ་བཀག ཀྲའོ་དབྱི་མན་གྱིས་དཔུང་སྡེའི་ཕར་རྒོལ་ལ་འགེབས་སྲུང་བྱ་ཆེད། རྨས་སྐྱོན་ཚབས་ཆེན་ཕོག་པ་མ་ཟད། རྨ་ཁ་གསོ་བའི་སྐབས་རི་པིན་དམག་མིས་མཐོང་བ་དང་། འཐབ་རྩོད་བྱེད་སྐབས་སླར་ཡང་རྨས་སྐྱོན་ཕོག་ནས་དྲན་པ་ཐོར་ཏེ་འཛིན་བཟུང་བྱས།
བཙོན་དུ་ཚུད་རིང་། རི་པིན་དམག་གིས་ཀྲའོ་དབྱི་མན་ལ་མནར་གཅོད་དྲག་པོ་བཏང་ཞིང་། རྨ་ཁར་ཁབ་བཙུགས་པ་དང་པགས་པ་ལྕགས་ཚ་པོས་བསྲེགས་ནས་ངོས་ལེན་ཞུ་རུ་བཅུག ཁོང་གིས་འཆི་སར་ཐུག་ཀྱང་གཉའ་མི་སྒུར་བར་རི་པིན་དམག་གི་བཙན་འཛུལ་གྱི་སྡིག་ཉེས་བྱེད་སྤྱོད་ལ་ཁ་རྡུང་དྲག་པོ་བཏང་། ངོས་ལེན་ཞུ་ཚིག་ཐོབ་ཆེད། རི་པིན་དམག་གིས་ཁོང་སྨན་ཁང་དུ་ལྟ་སྲུང་སྨན་བཅོས་བྱེད་པར་བསྐྱལ། སྨན་ཁང་དུ་ཁོང་གིས་རི་འགོག་རྒྱལ་སྐྱོབ་ཀྱི་གནས་ལུགས་དྲིལ་བསྒྲགས་ཧུར་ཐག་གནང་ནས་ནད་སྐྱོང་པ་དང་ལྟ་སྲུང་བར་སློབ་གསོ་བསྐྱོན། 1936ལོའི་ཟླ་6ཚེས་28ཉིན། ནད་སྐྱོང་པ་དང་ལྟ་སྲུང་བའི་རོགས་རམ་འོག་ཀྲའོ་དབྱི་མན་སྨན་ཁང་ནས་བྲོས། འོན་ཀྱང་རྗེས་འདེད་གཏོང་མཁན་དགྲ་བོས་ཡུན་རིང་མ་འགོར་བར་བཟུང་ནས་ཡང་མནར་གཅོད་དྲག་པོས་བཙན་འདྲི་བྱས།
1936ལོའི་ཟླ་8ཚེས་2ཉིན། ཀྲའོ་དབྱི་མན་ཀྲུའུ་ཧོར་འགྲོ་བའི་མེ་འཁོར་ཐོག་བརྫངས་སྐྱེལ་བྱས། ཁོང་གིས་ད་ནི་མི་ཚེའི་མཇུག་རྫོགས་ཉེར་ཡོད་པ་མཁྱེན་ནས་སྙིང་ནས་བརྩེ་བའི་བུར“བུ་ཆུང་ཉིང་ཉིང་། མགྱོགས་པོ་འཚར་ནས་རང་གི་ས་འོག་ཏུ་ཡོད་པའི་ཨ་མར་སེམས་གསོ་གྱིས་ཤིག ངའི་སྙིང་ནས་གཅེས་པའི་བུ་ཆུང་། ཨ་མས་སྐད་ཆ་ཁྲི་སྟོང་མང་པོ་བཤད་ནས་རང་ལ་སློབ་གསོ་མི་རྒྱག་པར་ལག་ལེན་ལ་བརྟེན་ནས་སློབ་གསོ་རྒྱག་གི་ཡིན། རང་འཚར་ལོངས་བྱུང་རྗེས་ཨ་མ་ནི་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་ཞིག་ཡིན་པ་མ་བརྗེད་པ་གྱིས་ཨང”ཞེས་པའི་ཁ་ཆེམས་བྲིས་ཡོད། སྲོག་ཁྲིམས་གཅོད་ཁར། ཁོང་གིས《དར་དམར་གླུ་གཞས》སྐད་གསང་མཐོན་པོས་བཏང་བ་དང་། “རི་པིན་བཙན་རྒྱལ་རིང་ལུགས་རྩ་གཏོར་དུ་གཏོང་དགོས”“ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་གསང་མཐོན་པོས་འབོད་བཞིན་དཔའ་ཉམས་ཆེན་པོས་སྐུ་གཤེགས་པ་རེད། སྐབས་དེ་དུས་དགུང་ལོ་31རེད།