དབུ་ཤོག>ཆེད་སྒྲིག
  • ​ གཉའ་གཏན་ནས་མི་ཞུམ་པར་འཐབ་འཛིང་མཐར་ཕྱིན་པ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  ཀུང་ཅིན་ཤིང་།   |     སྤེལ་དུས།  2021-06-01

    360截图20210601092122984.jpg

    འདི་ནི་དབྱང་ཅིང་ཡུས་ཀྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    དབྱང་ཅིང་ཡུས་ལ་དང་ཐོག་མཱ་ཧྲང་ཏེ་ཟེར་ཞིང་། 1905ལོར་ཧོ་ནན་ཞིང་ཆེན་ཆུའེ་ཧྲན་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། སློབ་མའི་དུས་ནས་བཙན་རྒོལ་རྒྱལ་གཅེས་ལས་འགུལ་ནང་ཧུར་ཐག་ཞུགས། 1925ལོའི་ཟླ་6པར། ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས། 1926ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། གསར་བརྗེ་ཆེ་མོ་ཕམ་རྗེས། ཆུའེ་ཧྲན་འོས་ལངས་སྒྲིག་འཛུགས་གནང་བ་དང་ཞིང་པའི་གསར་བརྗེ་དམག་གི་སྤྱི་ཁྱབ་བཀོད་འདོམས་པའི་འགན་བཞེས། 1928ལོའི་སྟོན་ཁར་ཁའེ་ཧྥུང་དང་ལུའོ་དབྱང་སོགས་སུ་གསང་བའི་གསར་བརྗེའི་ལས་དོན་སྒྲུབ། 1929ལོའི་དཔྱིད་ཀར་བྱང་ཤར་དུ་ཕེབས་ཏེ་ཀྲུང་གུང་ཧྥུའུ་ཧྲུན་དམིགས་བསལ་ཀྲི་པུའི་ཧྲུའུ་ཅིའི་འགན་བཞེས་པ་དང་བཟོ་པའི་ལས་འགུལ་ལ་འགོ་ཁྲིད་གནང་། དེ་སྔོན་ཧོ་ནན་དང་བྱང་ཤར་དུ་དགྲ་བོའི་ལག་ཏུ་ཐེབས་ཏེ་བཙོན་དུ་ཐེངས་5ཚུད་ནས་མནར་གཅོད་དྲག་པོ་ཕོག་ནའང་བློ་རྩ་བརྟན་ཞིང་གཉའ་གཏན་ནས་སྒུར་མེད།

    1931ལོའི“དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་ཐོན་རྗེས། དབྱང་ཅིང་ཡུས་ཀྲུང་གུང་ཧའར་པིན་གྲོང་ཨུད་ཀྱི་ཧྲུའུ་ཅི་དང་མན་ཇུ་ཞིང་ཨུད་དམག་དོན་ཨུ་ལྷན་གྱི་ལས་ཚབ་ཧྲུའུ་ཅིའི་འགན་གཅིག་ལྕོགས་བཞེས། 1932ལོའི་སྟོན་ཁར་མན་ཇུའི་ལྷོ་རྒྱུད་དུ་མངགས་ནས་ཀྲུང་གོ་བཟོ་ཞིང་དམར་དམག་དམག་དཔུང་32པའི་མན་ཇུའི་ལྷོ་རྒྱུད་ངེས་མེད་རྒོལ་རྡུང་རུ་ཁག་བཙུགས་ཏེ་ཆབ་སྲིད་ཨུ་ཡོན་གྱི་འགན་བཞེས་པ་དང་། ཕན་ཧྲེའི་བྲག་རྡོ་དམར་པོ་ལྟེ་བར་བྱས་པའི་ངེས་མེད་རྒོལ་རྡུང་གནས་གཞིའི་ཁུལ་གསར་འཛུགས་གནང་། 1936ལོའི་ཟླ་7པར་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་དམག་སྡེ་དང་པོའི་སྤྱི་ཁྱབ་སི་ལིང་དང་ཆབ་སྲིད་ཨུ་ཡོན་གྱི་འགན་གཅིག་ལྕོགས་བཞེས། དབྱང་ཅིང་ཡུས་ཀྱིས་དཔུང་སྡེའི་སྣེ་འཁྲིད་དེ་དུས་ཡུན་རིང་པོ་མན་ཇུའི་ཤར་ལྷོའི་ས་ཆར་བསྟུད་མར་དམག་འཐབ་བྱས་ནས་དགྲ་བོ་སྙིང་རྩ་འདར་དགོས་པ་བཟོས་པ་མ་ཟད། བྱང་ཤར་ས་ཁུལ་ཟིལ་གྱིས་མནན་ཏེ་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་ལ་གཞོགས་འདེགས་གནང་། རི་པིན་དང་སྲིད་གཞུང་རྫུས་མའི་དམག་ལ་རྒྱུག་རྡུང་བསྟུད་མར་ཕོག་པས། བྱང་ཤར་རི་འགོག་མཉམ་འབྲེལ་དམག་ལ་དམག་དོན་དྲག་འདུལ་དང་། དཔལ་འབྱོར་བཀག་སྡོམ། ཆབ་སྲིད་ཐོག་ནས་བསླུ་བྲིད་ཀྱིས་མགོ་འདོགས་སུ་འཇུག་པ་བཅས་གང་ཐུབ་བྱས་པ་མ་ཟད། བྱ་དགའ་སྤྲོད་པའི་ཐོག་ནས་དབྱང་ཅིང་ཡུས་འཛིན་བཟུང་བྱ་རྩིས་བྱས། དཀའ་ཚེགས་ཧ་ཅང་ཆེ་བའི་འོག་ཏུའང་ཁོང་གིས་མུ་མཐུད་འཐབ་རྩོད་གནང་།

    1939ལོར་མན་ཇུའི་ཤར་ལྷོའི་ས་ཁུལ་གྱི་སྟོན་དགུན་དུས་ཀྱི“དྲག་འདུལ”ལ་རྒོལ་བའི་དམག་འཐབ་ཁྲོད། ཁོང་དང་ཝུའེ་ཀྲེང་མིན་སོགས་ཀྱིས་དཔུང་སྡེ་ཆེན་པོ་ཆུང་ངུར་བགོས་ནས་ཁ་འགྲེམས་ངང་ངེས་མེད་རྒོལ་རྡུང་བྱེད་པར་བཀོད་འདོམས་གནང་། རང་ཉིད་ཀྱིས་ཉེན་སྲུང་ལུའེ་ཤོག་གི་སྣེ་འཁྲིད་དེ་མོང་ཅང་རྒྱུད་དུ་བསྟུད་མར་དམག་འཐབ་གནང་། མཐར་ཁེར་རྐྱང་དུ་དགྲ་བོ་དང་ཉིན་མཚན་5འཐབ་རེས་གནང་། ཁོང་གིས་བསམ་ཚོད་ལས་འདས་པའི་བློ་སྟོབས་ལ་བརྟེན་ནས་དགྲ་བོ་དང་རྫས་མདེལ་མ་རྫོགས་བར་དུ་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་གནང་། 1940ལོའི་ཟླ་2ཚེས་23ཉིན་ཅིས་ལིན་མོང་ཅང་ཁུག་ཀྱོག་ལམ་གསུམ་དུ་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་། ཡ་ང་སྙིང་རྗེ་མེད་པའི་རི་པིན་དམག་གིས་ཁོང་གི་མགོ་བོ་བཅད་པ་དང་གྲོད་པ་གཤག་སྐབས་ཁོང་གི་ཕོ་བའི་ནང་རྩྭ་སྐམ་པོ་དང་། ཤིང་པགས། སྲིང་བལ་བཅས་ལས་འབྲུ་རྡོག་གཅིག་ཀྱང་མེད་པ་མཐོང་། ཁོང་ལ་དྲན་གསོ་ཞུ་ཆེད། 1946ལོར་བྱང་ཤར་དམངས་གཙོ་མཉམ་འབྲེལ་དམག་དཔུང་ཐུང་ཧྭ་ཉིང་ལག་རུ་ཁག་ལ་དབྱང་ཅིང་ཡུས་ཉིང་ལག་རུ་ཁག་ཞེས་མིང་བསྒྱུར་བ་དང་། མོང་ཅང་རྫོང་ལ་ཅིང་ཡུས་རྫོང་ཞེས་མིང་བསྒྱུར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།