བོད་ཤར་རྒྱུད་ཀྱི“འབྱོར་འབྲིང་རྒྱུགས་ལན”རྩེ་གྲ་ཞིག
འདི་ནི་ཆབ་མདོ་གྲོང་ཁྱེར་གྱི་མཚན་ལྗོངས་ཡིན་པ།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཁ་རུབ་གྲོང་རྡལ་དུ་རི་ཁུག་ནས་ཡུལ་གཞན་དུ་གནས་སྤོས་བྱས་པའི་ཁ་རུབ་གྲོང་ཚོའི་གྲོང་མི་རྣམས་མཛེས་སྡུག་ལྡན་པའི་སྡོད་ཁང་གསར་པར་སྤོས་པ་མ་ཟད། ཡུལ་མི་ཚོས་ཁ་རུབ་གྲོང་རྡལ་དུ་ཚོང་ཁང་ཆུང་ཆུང་བཙུགས་པ་དང་། སྐྱེལ་འདྲེན་རླངས་འཁོར་གཏོང་བ། ཁོམ་པ་བྱུང་སྐབས་གྲོང་ཁྱེར་དུ་ལས་ཀ་ཙག་ཙིག་བྱེད་པར་བསྐྱོད་པ་བཅས་ལས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད།
ཆབ་མདོ་གྲོང་ཁྱེར་གྱི“གཉིས་གཏོད”འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་སྐབས་དང་པོའི་ཐོག་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གཉིས་ལ་གསར་གཏོད་ཚོགས་པ་དང་ཁེ་ལས་ཐོག་མར་གསར་གཏོད་བྱེད་མཁན་ཚོགས་པའི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་། བྱ་དགའ་ཐོབ་མཁན་གཞན་དག་དང་མཉམ་དུ་བྱ་དགའི་དངུལ་སྒོར་ཁྲི་26མཉམ་སྤྱོད་བྱས་པ་དང་ཆབས་ཅིག་ཁོང་ཚོས་ད་དུང་གཞན་གྱི་སྔོན་ལ་ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་ཏེ་དམངས་ཡོངས་ཀྱི་ལས་གཏོད་སྤྲོ་སེམས་འཕེལ་བར་བྱས་ཡོད།
དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་པ་མདུན་དུ་སྤོས་ན་དམངས་འཚོ་ལེགས་གཏོང་གི་གོམ་པ་དེའི་རྗེས་སུ་འབྲང་ཐུབ། ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཨུད་ཀྱིས་བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཁྲི་78ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས“ཕར་ཆིན་རྒྱག་པའི”སྙིང་རུས་ལ་བརྟེན་ནས་ཞན་ཆ་སེལ་བ་དང་། རྨང་གཞི་འདིང་བ། ཕུགས་ལ་ཇུས་གཞི་འདིང་བ་བཅས་བྱས་ཏེ། དངོས་འཛིན་དངོས་སྒྲུབ་དང་འབད་འཐབ་ཧུར་ཐག་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཡོད།
བྱ་སྤྱོད་དངོས་ལ་བརྟེན་ནས་ལན་བཏབ་པ།
གླུ་ལེན་གར་འཁྲབ་ཀྱིས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་པ།
དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད། ཆབ་མདོ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་སེམས་ཤུགས་གཅིག་སྒྲིལ་དང་ཀུན་སེམས་གཅིག་སྒྲིལ་གྱིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་དམིགས་པ་དང་། “གཞན་གྱིས་ལན་གཅིག་སྦྱངས་ནས་ཤེས་སར་རང་གིས་ལན་བཅུ་སྦྱོང་བར་བྱེད་པའི”སེམས་ཤུགས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད།
དུས་ཐུང་ལོ་4ཡི་རིང་། ཆབ་མདོས་བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཁྲི་78ལ་བློ་ཡིད་ཚིམ་པའི“དབུལ་སྒྲོལ་རྒྱུགས་ལན”ཞིག་ཕུལ་ཞིང་། 2019ལོའི་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་སུ་རིམ་རྩིས་བྱས་ན་དུད་ཚང་དབུལ་པོ་ཁྲི་3.84ཡི་མི་ཁྲི་19.46དབུལ་སྒྲོལ་ཐུབ་པ་དང་། གྲོང་ཚོ་དབུལ་པོ་1127གྱི་དབུལ་ཞྭ་ཕུད་པ། རྫོང(ཆུས)11ཚང་མའི་དབུལ་ཞྭ་ཕུད་ནས་ལོ་རྒྱུས་ཐོག་དབུལ་པོ་དབུལ་རྐྱང་ཐོག་མར་བསལ་བ་རེད།
དབུལ་སྒྲོལ་གྲུབ་འབྲས་ཀྱི་གྲངས་གཞི་མང་དག་ལས་མངོན་པར། ཡུལ་བབ་དང་བསྟུན་ནས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་852ལག་བསྟར་བྱས་ཏེ་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་10.3གྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པ་དང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་ཁྲི་1.68སྒྱུར་བཀོད་བྱས་པ། ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་268བསྐྲུན་ནས་མང་ཚོགས་ཁྲི་9.9སྡོད་ཁང་གསར་པར་སྤོས་པ། ཆ་རྐྱེན་འཛོམས་པའི་མང་ཚོགས་83424ཚང་མ་སྲིད་ཇུས་ཀྱི་ཐ་སྐྱོང་ནང་བཅུག་པས་མང་ཚོགས་ཁྲི་20ལྷག་ཙམ་ལ“སྐྱེ་ཁམས་ཀྱི་ཕན་པ”ཐོབ་ཡོད།
ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རིང་དམངས་འཚོ་སྔོན་ལ་ལག་བསྟར་བྱས་ཤིང་། ཆབ་མདོ་གྲོང་ཁྱེར་གྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་དང་ཉམས་ཞན་ལ་དམིགས་ནས་གནད་སྨིན་ཤུགས་འདོན་གྱིས“བྱ་བ་དངོས་བཅུ”དང་། “དམངས་འཚོའི་འདུ་འགོད་བཅུ་གཉིས”“འབབ་འཕར་བྱེད་ཐབས་ཆེན་པོ་བཅུ”བཅས་མུ་མཐུད་ལག་ལེན་བསྟར་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2014ལོའི་སྒོར་19256དང་སྒོར་6616ནས་སོ་སོར་2020ལོའི་སྒོར་35915དང་སྒོར་13100བར་འཕར་ཡོད།
སློབ་གསོ་ནི་དམངས་འཚོ་ཆེ་ཤོས་རེད། ཕྲུ་གུ་ཚང་མར་སྦྱོང་དུས་སློབ་མཁན་ཡོད་ཆེད། ཆབ་མདོ་གྲོང་ཁྱེར་གྱིས“ཉེ་བཅར་གཅིག”དང་བསྡུར་ནས་གནད་སྨིན་ཤུགས་འདོན་བྱས་པས། སློབ་གསོའི“100%ལྔའི”དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང་ཡོད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭ་280གསར་སྐྲུན་དང་བསྐྱར་སྐྲུན་བྱས་པ་དང་། ཚད་ལྡན་ཅན་གྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་དང་། ཤང(གྲོང་རྡལ)གི་བུ་བཅོལ་ཁང་། “སྐད་གཉིས”སློབ་གསོ་བཅས་ཁྱོན་ཡོངས་ལ་ཁྱབ་པ། “ཕྱོགས་གཉིས་དང་། རིམ་པ་ལྔ། འགན་ལེན་བརྒྱད”བཅས་ཀྱི་སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་པའི་འགན་ལེན་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ། རྫོང(ཆུས)11གི་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཞིབ་བཤེར་རྩིས་ལེན་བྱས་པ། འོས་འགན་སློབ་གསོ་བརྟན་དུ་གཏོང་ཚད་95%ཡན་ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་ཞུགས་བྱེད་ཚད་81.4%ཟིན་པ། “སློབ་གྲྭ་ཡོད་པ”ནས“སློབ་གྲྭ་ཡག་པོ་འགྲིམ་པའི”བར་གྱི་འགྱུར་ལྡོག་བྱུང་ཡོད།
སྔོན་ཆད“ནད་བསྟེན་དཀའ་བ་དང་སྨན་རིན་མཐོ་བ”ནི་ཆབ་མདོའི་མི་དམངས་ཀྱི་དཀའ་གནད་ཆེ་ཤོས་རེད། དེར་བརྟེན་ཆབ་མདོ་གྲོང་ཁྱེར་གྱིས“ཞིང་འབྲོག་པའི་བདེ་ཐང་གི་ཡར་སྐུལ་བྱ་སྤྱོད”ལ་སྐུལ་འདེད་གཏིང་ཟབ་བཏང་བས། མ་བུ་འཕྲོད་སྦྱོར་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། ཐུམ་འབུའི་ནད་དང་གྲུམ་བུ་ཚིགས་ཆེན་གྱི་ནད་སོགས་ཕྱོགས་བསྡུས་འགོག་བཅོས་མཐར་ཕྱིན་པ། གྲོང་ཁྱེར་གྱིས“ཀ་པ་རིམ་པ་གསུམ་པའི་སྨན་ཁང”བཏོད་པ། རྫོང(ཆུས)གིས“རིམ་པ་གཉིས་པའི”སྨན་ཁང་བཏོད་པ། ཤང(གྲོང་རྡལ)གི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་དང་གྲོང་ཚོའི(གྲོང་ལྷན)འཕྲོད་བསྟེན་ཁང་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ཚང་མ་ལེགས་གྲུབ་ཟིན་པ། སྦྲུམ་མ་སྨན་ཁང་དུ་བསྡད་དེ་ཕྲུ་གུ་བཙའ་ཚད་96.9%བར་མཐོ་རུ་ཕྱིན་ནས་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་ཤི་ཚད་སོ་སོར་4.7‰དང་3.8‰བར་ཆག་ཡོད།
ལོ་66ལ་སླེབས་པའི་རྡོ་རྗེ་ནི་ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་དཀར་ཐང་ཁྲོམ་གཞུང་སྡེ་ཁུལ་གྲོང་ལྷན་གྱི་གྲོང་མི་ཡིན་པ་དང་། ལས་འཁྱུར་དངུལ་བླངས་ནས་སྐྱོད་སྣང་དོད་པའི་སྡོད་ཁང་དུ་སྡོད་པ་དང་། ཉིན་ལྟར་དགོང་ཟས་བཟས་རྗེས་གསར་འགྱུར་ལྟ་བ། ཉིན་གསུམ་ནས་ལྔ་བར་ལ་གྲོང་ལྷན་གྱི་བྱེད་སྒོ་ཁང་དུ་མིག་མངས་རྒྱག་པར་འགྲོ་བ་སོགས་ད་ཆའི་འཚོ་བར་རྡོ་རྗེས་བློ་ཡིད་ཧ་ཅང་ཚིམ་པོ་བྱེད།
འཕེལ་རྒྱས་ལ་བརྟེན་ནས་ལན་བཏབ་པ།
དཔལ་འབྱོར་འཕེལ་རྒྱས་ལ“ལམ་སྒྱུར་འཁོར་བརྒལ”བྱུང་བ།
ཉེ་བའི་ལོ་ཤས་རིང་། ཆབ་མདོས་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཁྲོམ་རའི་དགོས་མཁོ་བཅས་ལ་གཞི་ཚུགས་ཏེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་མཐའ་འཁྱོངས་བྱས་ནས་བོད་ཤར་གྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་དང་། འབྱུང་འཕྲོད་བཟོ་ལས། ཐོན་ལས་གསུམ་པ་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་གྱི“ལམ་སྒྱུར་འཁོར་བརྒལ”ལ་སྐུལ་འདེད་བཏང་ཡོད།
ཁ་རུབ་ཆུས་ཀྱིས་འབྲི་གཡག་སྡོམ་གསོས་དང་གཟན་རྩྭ་འདེབས་འཛུགས་ཐོན་ལས་གཙོ་བོར་བྱས་ནས“བཅུ་ཕྲག་ཁ་ཤས”ཀྱི་འདུ་འགོད་ལག་ལེན་བསྟར་བ་དང་། བྲག་གཡབ་རྫོང་གིས་དཔལ་འབྱོར་ཤིང་འབྲས་ཐོན་ལས་གཙོ་ཁྲིད་དུ་བྱས་ནས“ཁྲི་གཅིག་བྱས་པ་ལྔའི”འདུ་འགོད་ལག་བསྟར་བྱས་པ། རི་བོ་ཆེ་རྫོང་གིས་འབྲི་གཡག་ཐོན་ལས་གཙོ་བོར་བྱས་ཏེ“ཁྲི་གསུམ་འདུ་འགོད”ལག་བསྟར་བྱས་པ། མཛོ་སྒང་རྫོང་གིས་མུའུ་ཁྲི་ཡི་རྒུན་འབྲུམ་གླིང་གི་འདུ་འགོད་ལག་བསྟར་བྱས་པ། གོ་འཇོ་རྫོང་གིས“རྒྱུད་གཅིག་ཁུལ་གསུམ”གྱི་ངག་དབང་ལུག་གི་ཐོན་ལས་འཕེལ་རྒྱས་བཏང་བ། ལྷོ་རོང་རྫོང་གིས་ནས་ཀྱི་ཐོན་ལས་གཙོ་བོར་བྱས་ནས་རྩམ་པ་ལས་སྣོན་ཐོན་ལས་འཕེལ་རྒྱས་བཏང་བ་རེད།
དེ་དག་ནི་ཆབ་མདོ་གྲོང་ཁྱེར་གྱིས“གསོ་ཚགས་རྟེན་གཞི་ཆེན་པོ་ལྔ”དང“འདེབས་འཛུགས་རྟེན་གཞི་ཆེན་པོ་བདུན”གྱི་ཐོན་ལས་བཀོད་པར་དམིགས་ནས་སྲོལ་རྒྱུན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་བའི་ངོ་མཚར་ཆེ་བའི་རྣམ་པ་ཞིག་རེད། དེའི་རྨང་གཞིའི་ཐོག་གྲོང་ཁྱེར་ཡོངས་ཀྱིས་འདེབས་གསོའི་རྟེན་གཞི་71བསྐྲུན་པ་དང་། སྣེ་འདྲེན་ཁེ་ལས་24སྐྱེད་སྲིང་བྱས་པ། ཐོ་འགོད་ཚོང་རྟགས་1957གསར་སྣོན་བྱས་པ། ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་རྫས་རིན་ཐང་ལོར་ཆ་སྙོམས་6.5%འཕར་ཡོད།
“ཐོན་ལས་སྟོབས་ཆེན”ལ་དམིགས་ཤིང་འགྲིམ་འགྲུལ་ནི་ཆབ་མདོའི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི“ཞན་ཆ”མངོན་གསལ་དོད་པོ་ཞིག་རེད། དེར་བརྟེན་ཆབ་མདོ་གྲོང་ཁྱེར་གྱིས“དུས་ཚོད་སྐར་ཆ་ཙམ་ལ་ཡང་བརྩོན་ལེན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ངར་ཤུགས་ལ་བརྟེན་ནས་འགྲིམ་འགྲུལ་གྱི་གྲོང་ཁྱེར་སྟོབས་ཆེན་གྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཡོད། སྤང་མདའ་གནམ་ཐང་གི་རྒྱུག་ལམ་གཉིས་པ་བསྐྲུན་ཟིན་ནས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ཆབ་མདོ་ནས་སྤང་མདའ་གནམ་ཐང་བར་གྱི་གསར་སྐྲུན་བསྐྱར་སྐྲུན་ལས་གྲྭ(ཆབ་མདོ་ནས་རྒྱ་ཁ་དུམ་བུ)བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད། འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་ཁག་གཅིག་འཆར་འགོད་བྱས་ནས་བསྐྲུན་པ་དང་ཆབས་ཅིག་ཆབ་མདོ་གྲོང་ཁྱེར་གྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲོང་ཁྱེར་སྟོབས་ཆེན་སྐྲུན་པར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་ཁ་འབྲལ་ཐབས་མེད། ད་ཕན་ལོ་ཤས་རིང་ཆབ་མདོ་གྲོང་ཁྱེར་གྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་ནས། རིམ་རྩིས་བྱས་ན་གྲོང་ཁྱེར་རིམ་པ་དེ་གའི་སྲིད་འཛིན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་པའི་དོན་གནད་ཁག་273མེད་པར་བཟོས་པ་དང་གཤམ་སྤྲོད་བྱས་པ། “ཚབ་གཉེར་ལམ་ལུགས་གཉིས”དང་། “ཐེངས་གཅིག་ནང་གྱོད་ཐག་གཅོད་པའི་ལམ་ལུགས”“སྟབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”སོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། རིམ་རྩིས་བྱས་ན་རིགས་ཁག་གི་ཁྲོམ་རའི་བྱེད་པོར་ཁུར་པོ་ཡང་དུ་སྒོར་དུང་ཕྱུར་23.06བཏང་ནས་རིགས་ཁག་གི་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཕྱོགས་ཡོངས་ནས་འཕེལ་བར་བྱས་ཡོད།
འགྱུར་ལྡོག་ལ་བརྟེན་ནས་ལན་བཏབ་པ།
གྲོང་ཁྱེར་དང་གྲོང་གསེབ་ཀྱི“རྣམ་པ”གསར་རྐྱང་དུ་གྱུར་པ།
ཆམ་མདོ་གྲོང་ཁུལ་ནས་ལྷོ་ཕྱོགས་སུ་བསྐྱོད་ཚེ་གཉན་ལའི་འདབས་སུ་འབྱོར་བ་དང་། དེར་ལུས་གསོ་དང་། ཡུལ་སྐོར། ལྟ་སྐོར། སྤྲོ་གསེང་བཅས་ནུས་མང་གཅིག་འདུས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་ངུའི་དཔེ་སྟོན་ས་ཚིགས་སྐྱིད་ཐང་གི་ཁྱད་ལྡན་གྲོང་རྡལ་ཆུང་ངུ་མིག་མདུན་དུ་འཆར་འོང་། དབྱར་དུས་ཀྱི་ཉིན་དགུང་དུ་དམངས་སྲོལ་དང་ཡུལ་སྲོལ་གཅིག་ཏུ་འདུས་པའི་ཚོང་ལས་ཁྲོམ་ཁུལ་དུ་བསྐྱོད་ཚེ་སྤྲོ་སེམས་རབ་ཏུ་ཕྱུག་པའི་ཁམས་པའི་རིག་གནས་ལ་རོལ་ཅིང་། ཆུ་མོ་ཤང་ཤང་དུ་རྒྱུག་པ་དང་། ཡུལ་ལྗོངས་ལྟ་ན་སྡུག་པ། རྒན་རྒོན་དང་བྱིས་པ་ཅི་དགར་རོལ་ནས་དབེན་པའི་སྐྱིད་ཚལ་དུ་སླེབས་པ་ལྟར་གྱི་སྣང་བ་ཞིག་སྟེར།
གྲོང་རྡལ་ཆུང་ངུ་ནི་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཀྱི“ལྟེ་བའི་འགག་གནས”ཤིག་དང་། ཕྱོགས་གཅིག་ནས་གྲོང་ཁྱེར་དང་སྦྲེལ་བ་དང་ཕྱོགས་གཞན་ཞིག་ནས་གྲོང་གསེབ་དང་སྦྲེལ་བ་ཞིག་རེད། ཆབ་མདོ་གྲོང་ཁྱེར་གྱིས་མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་བར་མཐོངས་དང་། གཞི་ཁྱོན། ཐོན་ལས་བཅས་ཀྱི་གྲུབ་ཆ་ཆེན་པོ་གསུམ་ལ་སྤྱི་འདོམས། “རྫོང་གྲོང་ཆེན་པོ”དང་། མཐའ་མཚམས་ཀྱི་མུ་ཏིག་གྲོང་རྡལ་ཆུང་ངུ་། མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་འཛུགས་སྐྲུན་ལ་མཐུན་སྦྱོར་སྐུལ་འདེད་བཏང་ཡོད། མིང་གྲགས་ཆེ་བའི་རྫོང་གྲོང་དང་། སྐད་གྲགས་ཆོད་པའི་ཁྱད་ལྡན་གྲོང་རྡལ་ཆུང་ངུ། ཡུལ་ལྗོངས་ལྟ་ན་སྡུག་པའི་གྲོང་གསེབ་བཅས་རིམ་གྱིས་མངོན་ཡོད།
མཛོ་སྒང་རྫོང་ཞྭ་གླིང་ཁ་ཤང་ནི་དེ་སྔོན་རང་ལྗོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ཤང་གི་གྲས་ཤིག་རེད། མཛོ་སྒང་རྫོང་གྲོང་ནས་ཤང་སྲིད་གཞུང་གནས་སའི་བར་ཀྱག་ཀྱོག་དང་གུ་དོག་པའི་ལམ་བརྒྱུད་དགོས་པ་དང་། རྐང་ཐང་མར་འགྲོ་བ་དང་རྟ་བཞོན་ཚེ་ཉིན་བདུན་ལ་གཞི་ནས་འབྱོར་གྱི་ཡོད། ད་ཆ་ཁྱོན་ལམ་ཐག་སྤྱི་ལེ་100ལྷག་ཙམ་ཡོད་པའི་གཞུང་ལམ་དུ་རྦད་དེ་རླངས་འཁོར་ཤར་གཏོང་ཐུབ་ཡོད།
ཆབ་མདོ་གྲོང་ཁྱེར་གྱིས་གཞི་རྩ་འདིང་བ་དང་། རྨང་གཞི་གཏོད་པ། འཇུར་མིག་མེད་པར་བཟོ་བ་བཅས་ལ་དམིགས་ནས། རིམ་རྩིས་བྱས་ན་མཐུན་སྒྲིལ་ལམ་དང་བདེ་སྐྱིད་ལམ་ཐིག་ཁག་1243བཏོད་ཡོད། ལོ་6གི་རིང་གཞུང་ལམ་ལམ་ཐག་སྤྱི་ལེ་451འཕར་བ། རྫོང(ཆུས)11ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ། ཤང(གྲོང་རྡལ)ལ་གཞུང་ལམ་ཤར་གཏོང་ཐུབ་ཚད་95%ཟིན་པ། སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་ཤར་གཏོང་ཐུབ་ཚད་75.2%ཟིན་པ། ཆ་རྐྱེན་འཛོམས་པའི་རང་བྱུང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ། ཆ་རྐྱེན་འཛོམས་པའི་ཤང(གྲོང་རྡལ)དང་སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད་སོ་སོར་100%དང་80%ཟིན་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཚད་བརྒལ་བྱུང་བ་དང་སྤུས་ཚད་མཐོ་རུ་སོང་ཡོད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ལ་ཐད་ཀའི་ཤུགས་རྐྱེན་ཐེབས་པ་དང་དེ་ནི་མི་སེར་གྱི་བདེ་སྐྱིད་དང་འབྲེལ་བའི་དོན་ཆེན་ཞིག་རེད། ཆབ་མདོ་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གི་ཐུན་མོང་འབད་བརྩོན་འོག གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)11དང་། ཤང་བརྒྱ་དང་གྲོང་ཚོ་སྟོང་སྦྲེལ་བ། ཁྱིམ་ཚང་ཁྲི་སྟོང་མང་པོ་བཅས་ལ་ཁྱབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་བཅས་ཀྱི་འགན་ལེན་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་བཏང་ཡོད། གྲོང་ཁྱེར་གྱི་འགྲོ་ལམ་དང་། སྤྱི་གླིང་། ཐང་ཆེན། ལུས་རྩལ་ཐང་སོགས་སྤྲོ་གསེང་འཚོ་བའི་སྒྲིག་ཆས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་དང་། ཆུ་འབུད་མདོང་དྲ་དང་། གད་སྙིགས་བརྒྱུད་སྐྱེལ་ས་ཚིགས། བཙོག་ཆུ་གཙང་གསིང་། གློག་སྒྲོན་དང་སྔོ་འགྱུར་བཅས་སྡེ་ཁུལ་དང་། ཁྲོམ་གཞུང་། ཚན་པ་བཅས་ལ་ཁྱབ་ཡོད།
“ལམ་ཤར་གཏོང་ཐུབ་པ”དང་། “གླ་ཕོགས་འཕར་བ” “གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པར་གྱུར་པ” “གྲོང་ཁྱེར་དེ་བས་དར་རྒྱས་བྱུང་བ”ལ་སོགས་ད་ཆ་ཉིན་བཞིན་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་ཁོར་ཡུག་ལས་མི་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཕྱིན་ཡོད།
འབྱུང་འགྱུར་ལ་ལྟ་སྐབས། ཆབ་མདོ་གྲོང་ཁྱེར་གྱིས་སྔ་ཕྱི་བར་གསུམ་གྱི་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ཏེ། “ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་མི་གཅིག་ཀྱང་མི་ལུས་པ་དང་། ཐུན་མོང་འབྱོར་ཕྱུག་གི་ལམ་དུ་གཅིག་ཀྱང་མི་ལུས་པའི”རྔམ་བརྗིད་ལྡན་པའི་ལོ་རྒྱུས་ཀྱི་དམ་བཅའ་མངོན་འགྱུར་བྱ་རྒྱུ་རེད་ལ། བོད་ཤར་བུ་ཕྲུག་གི་སེམས་སུ“བདེ་སྐྱིད་བརྟན་པོ”ཞིག་འདེགས་རྒྱུའང་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣