དབུ་ཤོག>ཆེད་སྒྲིག
  • ཏང་འཛུགས་སྐྱོང་སྟོབས་ཆེར་བཏང་བས་ལས་རིགས་སྣ་ཚོགས་དར་རྒྱས་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-31

    ཡར་ཀླུང་གཙང་པོའི་ངོགས་སུ་གནས་པའི་སད་སྒོ་ར་གྲོང་ཚོ་ནི་སྔོ་ལྗང་ལྗོན་ཤིང་གི་གསེབ་ཏུ་གནས་པས་སྐྱིད་སྣང་ཤིན་ཏུ་དོད། གྲོང་ཚོར་སྐྱོད་སྐབས་རྒྱ་ཆེ་ལ་འདྲོང་བའི་ཨར་འདམ་ལམ་ཁྱིམ་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་པ་དང་། གཙང་ལ་གྲལ་འགྲིག་པའི་བོད་བཟོའི་སྡོད་ཁང་གསར་པ་ལམ་བུའི་གཡས་གཡོན་གཉིས་སུ་ཕྲ་རྒྱན་བཏབ་པ་ལྟར་དུ་གནས་པས། སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་རྣམ་པ་ཞིག་རང་བཞིན་དུ་འདྲེན་བྱེད་ཡུལ་དུ་འཆར།

    དུས་ཀྱི་འཁོར་ལོ་ལོ་བཅུའི་གོང་དུ་ཕྱིར་ལོག་བརྒྱབ་ན། ད་ལྟའི་ཁོར་ཡུག་སྐྱིད་པའི་དཔེ་སྟོན་གྲོང་ཚོ་དེ་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྨན་རི་ཤང་གི་ཁོར་ཡུག་ཞན་པ་དང་། རྩ་འཛུགས་ནུས་མེད་ཟབ་ཟོབ། མི་སེར་གྱི་ཡོང་འབབ་དམའ་བ་བཅས་ཀྱི་རྗེས་ལུས་གྲོང་ཚོ་ཞིག་རེད།

    “དེ་སྔ་ང་ཚོའི་གྲོང་ཚོ་ནི་ཉེ་འགྲམ་དུ་སྐད་གྲགས་ཡོད་པའི་གྲོང་ཚོ་དབུལ་པོ་ཞིག་ཡིན་པ་དང་། མི་རེར་ལོའི་ཆ་སྙོམས་ཡོང་འབབ་སྒོར་5000ལྷག་ཙམ་ལས་ཟིན་གྱི་མེད་པ་མ་ཟད། གྲོང་ཚོ་ཨུ་ལྷན་གྱི་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཡིན་པས། ཤང་གཞན་དག་གི་མིས་སད་སྒོ་རའི་སྐོར་གོ་མ་ཐག་མགོ་བོ་གཡུག་གཡུག་བྱེད་ཀྱི་ཡོད”ཅེས་སད་སྒོ་ར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་མཆོག་ཚེ་རིང་གིས་བཤད།

    2008ལོར་མཆོག་ཚེ་རིང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ཞུགས། གྲོང་མི་ཚོའི་མིག་ལམ་དུ་མཆོག་ཚེ་རིང་ནི་འཇོན་ཐང་ཆེ་ལ་མི་དྲང་པོ་དྲང་གཞག་ཞིག་དང་བྱ་བ་སྒྲུབ་སྐབས་རྩ་དོན་ཡོད་མཁན་ཞིག་རེད། ཁོང་དགེ་རྒན་བྱེད་མྱོང་ཡོད་ལ་ཕྱིས་སུ་ཚོང་རྒྱག་སྐབས་ས་ཆ་གཞན་དག་ལ་འགྲོ་མྱོང་བ་དང་། བློ་ཁོག་ཆེ་ལ་གྲུང་པོ་ཡོད་པས་མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ཡོད། 2014ལོར་མཆོག་ཚེ་རིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས།

    “སད་སྒོ་ར་གྲོང་ཚོ་ཡར་ཀླུང་གཙང་པོ་དང་རྒྱལ་ལམ་318ཀྱི་འགྲམ་དུ་གནས་ཤིང་། ས་བབ་ཀྱི་ལེགས་ཆ་ཡག་པོ་ཡོད་པས་འཕེལ་རྒྱས་མི་འགྲོ་བ་ག་ལ་སྲིད། མཆོག་ཚེ་རིང་གིས་སྔོན་ལ་ཏང་འཛུགས་སྐྱོང་ནས་དམ་འཛིན་བྱས་ཏེ་ཏང་ཡོན་གྱིས་གྲོང་ཚོ་ཡོངས་ཀྱི་སྣེ་ཁྲིད་དེ་ཏང་ཀྲི་པུའི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་རྒྱུའི་སེམས་ཐག་བཅད། 

    2013ལོར་སད་སྒོ་ར་གྲོང་ཚོས་གྲོང་ཚོ་ཡོངས་ཀྱི་ཁྱིམ་ཚང་ཚང་མར་ཏང་ཡོན་ཡོད་པའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ“ཀྲི་པུའུ་ཡིས་ཏང་གི་ཚོགས་ཆུང་འགན་གཙང་ལེན་པ་དང་། ཏང་གི་ཚོགས་ཆུང་གིས་ཏང་ཡོན་འགན་གཙང་ལེན་པ། ཏང་ཡོན་གྱིས་མང་ཚོགས་འགན་གཙང་ལེན་པ”བཅས་ཀྱི“འགན་གཙང་གསུམ”གྱི་དོ་དམ་བྱེད་སྟངས་གསར་གཏོད་དང་ལག་བསྟར་བྱས་པ་དང་། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་38ཀྱིས་མི་སྒེར་གྱི་ཁྱད་ཆོས་ལ་གཞིགས་ནས། སྲིད་ཇུས་ཁྲིམས་སྲོལ་དྲིལ་བསྒྲགས་ཀྱི་ལས་གནས་དང་། དམངས་དོན་རྩོད་གཞི་འདུམ་འགྲིག་གི་ལས་གནས། ཁོར་ཡུག་འཕྲོད་བསྟེན་ལྟ་སྐུལ་གྱི་ལས་གནས་སོགས་རང་རྟོགས་ངང་རྩིས་བླངས་ཏེ་མང་ཚོགས་དང་ཏང་ཡོན་དབར་གྱི་འབྲེལ་ཟམ་བཙུགས་ཡོད།

    “ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། རྒྱུན་གཏན་གྱི་ལས་ཀ་སྒྲུབ་ཚུལ། གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་སོགས་ཀྱི་རྣམ་འགྱུར་དངོས་ལ་གཞིགས་ནས། ང་ཚོས་དུས་ཚིགས་རེར་ཏང་ཡོན་མི་རེ་ངོ་རེར་སྐར་མ་བརྒྱབ་ནས་དཔྱད་བསྡུར་བྱས་ཏེ་རྣམ་འགྱུར་ལེགས་པའི་ཏང་ཡོན་ལ་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་སྤྲོད་པ་དང་རྗེས་སུ་ལུས་པའི་ཏང་ཡོན་ལ་རྩ་འཛུགས་ཀྱིས་སློབ་གསོ་གཏོང་གི་ཡོད”ཅེས་མཆོག་ཚེ་རིང་གིས་བཤད།

    སྙིང་རུས་གཏན་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་པས། ཏང་ཡོན་དང་མང་ཚོགས་སེམས་པ་མཐུན་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འཕེལ་རྒྱས་དོན་གཉེར་བྱས་ཡོད། འདི་ལོ་ལོ་61ལ་སླེབས་པའི་ཏང་ཡོན་རྒན་གྲས་མིག་དམར་གྱིས་ན་ནིང་རང་ཁྱིམ་གྱི་ས་ཞིང་མུའུ་6རང་འགུལ་ངང་གྲོང་ཚོ་ཡོངས་ཀྱི་གཡུལ་ཁར་སྤྱད་ཡོད། ས་ཆ་དེ་སྔོན་མ་ནང་བཤུག་གཏོང་གི་ཡོད་པས་ལོ་གཅིག་ལ་བོགས་དངུལ་སྒོར་6000ལྷག་ཙམ་ཡོད། མིག་དམར་གྱིས་ས་ཆ་གྲོང་ཚོར་གཡར་བས་གྲོང་མི་ཚོས་བསྔཌ་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    ལོ་52ལ་སླེབས་པའི་བུ་ཁྱི་སྐྱག་སྐྱེ་དུས་ནས་དབང་པོ་སྐྱོན་ཅན་ཡིན་པ་དང་འགྲོ་སྐྱོད་སྟབས་བདེ་མེད་པའི་ཁར་ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་མི་འདང་བས། 2014ལོར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བདམས་པ་དང་ནང་མི་ལྔ་པོ་སྨི་ངོས་གྲུ་50ལྷག་ཙམ་ཡོད་པའི་ཁང་པ་ཐེབས་ཆག་ཞིག་ཏུ་འཚང་ཁ་བརྒྱབ་ནས་འཚོ་བ་སྐྱེལ་གྱི་ཡོད།

    བུ་ཁྱི་སྐྱག་གི་དམིགས་བསལ་གནས་ཚུལ་ལ་དམིགས་ནས་གྲོང་ཚོའི་ཏང་ཀྲི་པུས་ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་། ཞིང་རྨོ་བ་དང་ལོ་ཏོག་བསྡུ་བ་སོགས་དང་འབྲེལ་བ་ཡོད་པའི་ལས་དོན་ཚང་མ་ཏང་ཡོན་ཚོས་རང་མོས་ངང་སྒྲུབ་ཀྱི་ཡོད་པ་དེ་ཁོ་ནས་སྒོར་2500ལྷག་ཙམ་གྲོན་ཆུང་ཐུབ་ཀྱི་ཡོད། 2018ལོར་ས་གནས་དེ་གའི་སྲིད་གཞུང་གི་རོགས་སྐྱོར་འོག་བུ་ཁྱི་སྐྱག་གིས་ཁང་པ་རྙིང་པའི་འགྲམ་དུ་སྡོད་ཁང་གསར་པ་བརྒྱབ་པ་དང་། བོད་བཟོའི་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་སྣ་ཚོགས་ཡོད་པ་མ་ཟད། སྒོ་རར་ཨར་འདམ་འདིང་སྐབས་དང་སྒོ་འགྲམ་གྱི་སྔོ་འགྱུར་འཛུགས་སྐྲུན་སོགས་ལ་གྲོང་ཚོའི་ཏང་ཡོན་ཚང་མས་རོགས་རམ་བྱས་པ་རེད།

    སད་སྒོ་ར་གྲོང་ཚོར་སྐྱོད་སྐབས། ཏང་ཡོན་གྱི་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཏང་ཡོན་གྱི་བྱང་བུ་ཞིག་ཡོད་པ་དེར་ཏང་ཡོན་གྱི་མིང་དང་། ཏང་ལ་ཞུགས་པའི་དུས་ཚོད། ཁོངས་གཏོགས་ཀྱི་ཏང་ཚོགས་ཆུང་། ཏང་ལ་ཞུགས་པའི་དམ་བཅའ་སོགས་བཀོད་ཡོད། “ཉིན་ལྟར་བྱང་བུ་དེ་མཐོང་སྐབས། རང་ཉིད་ལ་ཏང་ཡོན་གྱི་ཐོབ་ཐང་ལ་ངོ་གནོངས་མི་དགོས་པའི་མི་དེ་བས་ཡག་པོ་ཞིག་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་འདུག”ཅེས་ཡུལ་མི་སྤེན་པས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།