ཚེས་28ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
ལོ་ངོ་70ཡི་རིང་། རང་ལྗོངས་ཀྱི་ཚན་ཞིབ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་བ་དང་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོན་ཡོད། མིག་སྔར་ལྗོངས་ཡོངས་སུ་ཞིང་འབྲོག་ལས་དང་། སྐྱེ་ཁམས། འགྲིམ་འགྲུལ། གསོ་རིག་སྨན་རྫས་འཕྲོད་བསྟེན། ནུས་རྒྱུ། ཆུ་བེད། ནགས་ལས། གནམ་གཤིས། ཆ་འཕྲིན་སོགས་རིག་ཚན་མང་པོ་དང་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པའི་ཚན་ཞིབ་མ་ལག་རགས་ཙམ་བསྐྲུན་ཟིན་ནས་ཚན་ཞིབ་སྒྲིག་གཞི་སྣ་ཚོགས་33བར་འཕེལ་རྒྱས་ཕྱིན་ཡོད། ཞིང་ཆེན་དང་པུའུ་མཉམ་སྐྲུན་གྱི་ནས་དང་འབྲི་གཡག་གི་སོན་རྒྱུའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གལ་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་37བསྐྲུན་ཡོད། ཚན་རྩལ་ཐད་ཀྱི་མ་དངུལ་གཏོང་ཤུགས“ལོ་ལྔ་ཚན་དགུ་པའི”རིང་གི་སྒོར་དུང་ཕྱུར་8.73ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་སྒོར་དུང་ཕྱུར་16.3བར་འཕར་ནས་སྤྱི་ཚོགས་ཡོངས་ཀྱི་ཞིབ་སྤེལ་གྲོན་དངུལ་ལོའི་ཆ་སྙོམས་འཕར་ཚད་25%ཟིན་ཡོད། འདི་ལོ་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་ཀྱི་རིམ་པ་དེ་གའི་ནོར་སྲིད་དང་སྤྱི་ཚོགས་ཚན་རྩལ་གྱི་མ་དངུལ་གཏོང་ཤུགས་གཉིས་ཀ་10%ཡན་འཕར་བ་ཐེངས་དང་པོ་བཏོན་ཡོད།
ལོ་ངོ་70ཡི་རིང་། རང་ལྗོངས་ཀྱིས་གསར་གཏོད་ཀྱི་སྲིད་ཇུས་ཁོར་ཡུག་ལེགས་སུ་ཤུགས་ཆེན་བཏང་བས། དབུ་བཞུགས་ཚན་རིག་མཁས་ཅན་དང་། རིག་ཚན་སྣེ་ཁྲིད་པ། ཚན་ཞིབ་རྐང་འཛིན་པ་བཅས་ལས་གྲུབ་པའི་ཚན་ཞིབ་དཔུང་ཁག་རགས་ཙམ་གྲུབ་ནས་ཕུལ་བྱུང་གི་ཚན་རྩལ་ལས་དོན་པ་ཁག་ཐེངས་མང་པོ་ཐོན་ཡོད། 2018ལོའི་བར་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་གི་ལས་ལ་གཞོལ་མཁན་ཁང་གཉིས་ཀྱི་ཡོན་ཧྲི་63ཐོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རང་ལྗོངས་སུ་ཁྱོན་མི་15རྒྱལ་ཁབ་ཀྱི་གསར་གཏོད་ཤེས་ལྡན་མི་སྣའི་སྐུལ་འདེད་འཆར་གཞིར་ཚུད་པ་དང་། མི་11རྒྱལ་ཁབ་ཀྱི“མི་ཁྲིའི་འཆར་གཞིར”ཚུད་པ། མི་6ལ་ཧོ་ལེང་ཧོ་ལི་བྱ་དགའ་ཐོབ་པ། མི་3ལ་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ་ཡོད། ལྗོངས་ཡོངས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས(R&D)མི་སྣ་2618བར་ཟིན་ཡོད།
གསར་གཏོད་ཀྱི་བྱེད་པོ་འཕེལ་རྒྱས་བཏང་ནས་ཐོན་ལས་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། རང་ལྗོངས་ཀྱིས་གླིང་ཁུལ་དཔལ་འབྱོར་དང་ཚན་རྩལ་རྣམ་པའི་ཁེ་ལས་དང“གཉིས་གཏོད”གཞི་རྟེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། མིག་སྔར་རང་ལྗོངས་སུ་རྒྱལ་ཁབ་རིམ་པའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་1དང་། རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་4 རྒྱལ་ཁབ་རིམ་པའི“གཉིས་གཏོད”དཔེ་སྟོན་རྟེན་གཞི་2 རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་རྫོང(གྲོང་ཁྱེར)1 རྒྱལ་ཁབ་རིམ་པའི་ཚན་རྩལ་ཁེ་ལས་སྐྱོང་གསོ་ཁུལ་2 རང་སྐྱོང་ལྗོངས་ཀྱི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་3བཅས་བསྐྲུན་ཡོད། “གཉིས་གཏོད”གཞི་རྟེན་སྣ་ཚོགས་138བསྐྲུན་པའི་ཁྲོད་རྒྱལ་ཁབ་རིམ་པའི་གཞི་རྟེན་19དང་རང་སྐྱོང་ལྗོངས་རིམ་པའི་གཞི་རྟེན་30ཡོད་པ་དང་། “གཉིས་གཏོད”གཞི་རྟེན་བཅའ་ཞུགས་ཁེ་ལས་2691ཟིན་ཡོད། རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཁེ་ལས་87དང་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་211ཟིན་ཡོད། མཐོ་གསར་ལག་རྩལ་ཐོན་ལས་དང་གླིང་ཁུལ་དཔལ་འབྱོར་འདི་ཉིད་བོད་ཀྱི་དཔལ་འབྱོར་ཁྲོད་གསོན་ཤུགས་དང་གཏིང་ཤུགས་ཆེས་ཆེར་ལྡན་པའི་བཀྲག་མདངས་འཚེར་སར་ཞིག་ཏུ་གྱུར་ཡོད།
ཚན་རྩལ་མཉམ་ལས་སྤེལ་རེས་ཐད་རང་ལྗོངས་ཀྱིས་སྔ་རྗེས་སུ་ཚན་རྩལ་བོད་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བཞི་དང་པུའུ་དང་རང་སྐྱོང་ལྗོངས་དབར་གྱི་ལས་དོན་གྲོས་མོལ་ཚོགས་འདུ་ཐེངས་བཞི་འཚོགས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པ”ཚུན་དུ། ཚན་རྩལ་པུའུ་ཡིས་བོད་ཀྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་གྲངས་ཁག་118ལ་གྲོན་དངུལ་སྒོར་དུང་ཕྱུར་5.12ཀྱི་རྒྱབ་སྐྱོར་བྱས་ཡོད། ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། རྒྱལ་ཡོངས་ཚན་རྩལ་ཁོངས་གཏོགས་ཀྱིས་ཁྱོན་ཁ་གཏད་བོད་སྐྱོར་གྱི་ཚན་རྩལ་རྣམ་གྲངས་ཁག་104དང་མ་དངུལ་སྒོར་ཁྲི་6399དོན་འཁྱོལ་བྱས་ཡོད།
བོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱིས་ཞིང་འབྲོག་པ་དང་། གཞོན་ནུ་ལོ་ཆུང་། གྲྭ་བཙུན་སོགས་ཀྱི་ཚོགས་སྤྱིར་གཙོ་གནད་དུ་དམིགས་ནས། “ཚན་རིག་ཁྱབ་གདལ་བོད་སྐྱོར”དང་། ཚན་རྩལ་བྱེད་སྒོའི་གཟའ་འཁོར། ཚན་རྩལ་གཤམ་སྤེལ་སོགས་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་ཡིག་རིགས་གཉིས་ཀྱི་ཚན་རིག་ཁྱབ་གདལ་ཀློག་དེབ་རིགས་40ལྷག་ཙམ་དཔེ་སྐྲུན་འགྲེམས་སྤེལ་བྱས་ནས་ཚན་རིག་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་དང་། ཚན་རིག་དང་མཐུན་པའི་ཐབས་ཤེས་དར་སྤེལ། ཚན་རིག་དང་མཐུན་པའི་བསམ་བློ་བརྒྱུད་བསྒྲགས། ཚན་རིག་དང་མཐུན་པའི་དགོངས་དོན་དར་སྤེལ་བཅས་བྱས་པས། ས་ཁུལ་དང་། སྡེ་ཚན། ལས་རིགས་བཅས་བརྒལ་ནས་བོད་ཀྱི་ཚན་རྩལ་གསར་གཏོད་དང་ཚན་རིག་ལག་རྩལ་ཁྱབ་གདལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་ཞིག་གྲུབ་ཡོད། བོད་ལྗོངས་རང་བྱུང་ཚན་རིག་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ཟིན་ནས་སྒོ་ཕྱེ་རྗེས་རིམ་རྩིས་བྱས་ན་སྤྱི་དམངས་མི་ཐེངས་ཁྲི་65ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། ལྗོངས་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ་དང་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་ཡོད།