དབུ་ཤོག>ཆེད་སྒྲིག
  • མཐའ་གཅིག་ཏུ་གསར་བརྗེ་བྱེད་མཁན་གྱི་བློ་མཐུན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲའོ་ཡུས་ཙེ།   |     སྤེལ་དུས།  2021-05-30

    580207_yis_1622217600000_s.jpg

    འདི་ནི་ཏུང་ཀྲེན་ཐང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 

    ཏུང་ཀྲེན་ཐང་ནི་1895ལོར་ཧོ་པེ་ཤིན་ཧོ་རྫོང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། 1917ལོར་པེ་ཅིང་ཆིང་ཧོ་སྐམ་དམག་སློབ་འབྲིང་དུ་རྒྱུགས་འཕྲོད་པ་དང་། 1923ལོར་པའོ་ཏིང་སྐམ་དམག་དམག་དཔོན་སློབ་གྲྭ་ནས་ཐོན། སློབ་གྲྭ་ཐོན་རྗེས་ཧྥེང་ཡུས་ཞང་གི་ནུབ་བྱང་དམག་ལ་ཞུགས་པ་དང་། འཐབ་འཛིང་གི་བྱས་རྗེས་མངོན་གསལ་དོད་པར་བརྟེན་ཕའེ་ཀྲང་ནས་རིམ་བཞིན་ཧྲི་ཀྲང་ལ་འཕར། 1930ལོར། ཀྲུང་ཡོན་དམག་འཐབ་ཆེན་པོ་བརྒྱབ་རྗེས་གོ་མིན་གསར་བརྗེ་དམག་གིས་བསྡུས་ཏེ་དམག་སྡེ་26པའི་ལུའི་ཤོག་73པའི་ལུའི་ཀྲང་གི་འགན་བཞེས།

    1931ལོར། ཏུང་ཀྲེན་ཐང་ཅང་ཤིས་སུ“གུང་ཁྲན་ཏང་བསྐོར་བཅོམ”གྱི་འགན་འཁུར་བར་བཏང་། “དགུ་པའི་བཅོ་བརྒྱད”ཀྱི་དུས་འགྱུར་རྗེས་ཁོང་གིས་ཅང་ཅེ་ཧྲེའི“ཕྱི་དགྲ་འགོག་དགོས་ན་སྔོན་ལ་ངེས་པར་དུ་ནང་ཁུལ་བདེ་འཇགས་ཡོང་བར་བྱེད་དགོས་པའི”སྲིད་ཇུས་ལ་ངོ་རྒོལ་གནང་ནས་བསམ་བློ་ཉིན་བཞིན་གསར་བརྗེར་ཕྱོགས། ལོ་དེའི་ཟླ་12ཚེས་14ཉིན། ཀྲའོ་པོ་ཧྲེང་དང་ཅིས་ཀྲེན་ཐུང་སོགས་ཀྱིས་དམག་སྡེ་26པའི་དཔོན་དམག་ཁྲི་1.7ལྷག་ཙམ་གྱི་སྣེ་ཁྲིད་དེ་ཉིང་ཏུའུ་འོས་ལངས་སྒྲིག་འཛུགས་བྱས་པ་དང་། དམར་དམག་ལ་ཞུགས་པའི་ཁྱབ་བསྒྲགས་བྱས་ཏེ་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་འོད་སྟོང་འབར་བའི་ཤོག་ལྷེ་ཞིག་བསྣན་ཡོད།

    འོས་ལངས་དཔུང་སྡེའི་སྒྲིག་ཁོངས་ནི་ཀྲུང་གོ་བཟོ་ཞིང་དམར་དམག་དཔུང་སྡེ་5པ་ཡིན་ཞིང་། ཏུང་ཀྲེན་ཐང་གིས་དཔུང་སྡེའི་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་དང་དམག་སྡེ་13པའི་ཅུན་ཀྲང་གི་འགན་གཅིག་ལྕོགས་བཞེས་པ་དང་རྗེས་སུ་དཔུང་སྡེའི་དཔོན་གྱི་འགན་བཞེས། 1932ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1934ལོའི་ཟླ་10པར། ཏུང་ཀྲེན་ཐང་གིས་དཔུང་སྡེའི་སྣེ་ཁྲིད་དེ་རྒྱང་སྐྱོད་ལ་ཞུགས་པ་དང་། དམར་དམག་དཔུང་སྡེ་5པའི་དཀའ་ཚེགས་ཆེ་ཤོས་ཀྱི་རྒྱབ་སྲུང་གི་འགན་ཁུར་ནས་གོ་མིན་ཏང་གི་དམག་དཔུང་ལ་འགོག་རྒོལ་བྱེད་པའི་ལས་འགན་དུ་མ་བསྒྲུབས་ཏེ། ཀྲུང་དབྱང་དམར་དམག་གི་གཙོ་ཤུགས་བྱང་སྐྱོད་ལ་འགན་སྲུང་བྱེད་པའི་འཐབ་འཛིང་གི་བྱས་རྗེས་མངོན་གསལ་དོད་པོ་བཞག་པ་དང་། དེས་རྐྱེན་པས་དམར་དམག་དཔུང་སྡེ་5པར“ལྕགས་ལྟ་བུའི་རྒྱབ་སྲུང”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    1935ལོའི་ཟླ་6པར། དཔུང་ཕྱོགས་སྒར་ཆེན་དང་པོ་དང་བཞི་པ་མཉམ་འཛོམས་བྱུང་རྗེས། དཔུང་སྡེ་5པར་དམག་སྡེ་5པ་ཞེས་སུ་བསྒྱུར་ནས་ཏུང་ཀྲེན་ཐང་གིས་ཅུན་ཀྲང་གི་འགན་བཞེས། 1936ལོའི་ཟླ་10པར། དམར་དམག་གི་གཙོ་ཤུགས་ཆེན་པོ་གསུམ་ཧུའེ་ཉིང་དུ་མཉམ་འཛོམས་བྱུང་རྗེས། དམར་དམག་དམག་སྡེ་5པ་ནུབ་ལམ་དམག་དཔུང་གི་སྒྲིག་ཁོངས་སུ་བཅུག་ནས་ཉིང་ཞ་དང་། ཀན་སུའུ། ཤིན་ཅང་བཅས་སུ་དཔུང་སྐྱོད་བྱས། 1937ལོའི་ཟླ་1ཚེས་12ཉིན། ཏུང་ཀྲེན་ཐང་གིས་དཔུང་སྡེའི་སྣེ་ཁྲིད་དེ་ཀན་སུའུ་ཀའོ་ཐའེ་རྫོང་གྲོང་དུ་རང་ཉིད་ལས་ལྡབ་བདུན་བརྒྱད་ཙམ་གྱིས་མང་བའི་དགྲ་དམག་དང་མི་གཅིག་མདེལ་གཅིག་ལས་མ་ལྷག་བར་ཁྲག་འདོན་དམར་འཛིང་བྱས་ཤིང་། ཚེས་20ཉིན་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་། སྐབས་དེ་དུས་དགུང་ལོ་42རེད།

    ཏུང་ཀྲེན་ཐང་ནི་དམར་དམག་ནས་རང་སྲོག་བློས་བཏང་བའི་དམག་དཔོན་རིམ་པ་མཐོ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། ཏང་ཀྲུང་དབྱང་གིས་ཧྲའན་ཤིས་པའོ་ཐཱ་ཧྲན་རི་འདབས་སུ་མྱ་ངན་ཚོགས་འདུ་འཚོགས་པ་དང་། མྱ་ངན་ཚོགས་འདུར་མའོ་ཙེ་ཏུང་གིས“ཏུང་ཀྲེན་ཐང་ནི་མཐའ་གཅིག་ཏུ་གསར་བརྗེ་བྱེད་མཁན་གྱི་བློ་མཐུན་ཞིག་རེད”ཅེས་གདེང་འཇོག་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།