དཔྱིད་འགོའི་ཞོགས་པར་མེ་ཏོག་རྫོང་ཆ་ཚང་སློབ་ཆུང་ད་དུང་ཡང་སྨུག་གསེབ་ཏུ་གནས། སློབ་གྲྭའི་ནང་འཛུལ་སྐབས་ཡངས་ཤིང་རྒྱ་ཆེ་བའི་ལུས་རྩལ་ཐང་ཆེན་དང་། སློབ་ཁྲིད་ཐོག་ཁང་གསར་པ། དྲོ་སྐྱིད་ལྡན་པའི་སློབ་མའི་ཉལ་ཁང་སོགས་རེ་རེ་བཞིན་མིག་ལམ་དུ་འཆར། སློབ་ཁྲིད་ཐོག་ཁང་མདུན་ནས་གསར་འགོད་པས་རྒན་སྐལ་བཟང་བདེ་སྐྱིད་ལགས་མཐོང་བྱུང་།
རྒན་སྐལ་བཟང་བདེ་སྐྱིད་ཀྱིས་འཛུམ་དམུལ་དམུལ་ངང་གསར་འགོད་པར་སློབ་གྲྭའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས“མིག་སྔར་སློབ་གྲྭར་སློབ་མ་490ལྷག་ཙམ་དང་འཛིན་གྲྭ་13ཡོད་ལ་མཛེས་རྩལ་ཁང་དང་། རོལ་དབྱངས་ཁང་། ལུས་རྩལ་ཁང་། བརྒྱུད་ལམ་སྣ་མང་སློབ་ཁང་སོགས་མཁྲེགས་ཆས་སྒྲིག་བཀོད་ཆ་ཚང་བས་ད་ཆ་མེ་ཏོག་གི་སློབ་གསོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད”ཅེས་བཤད།
གླེང་མོལ་བྱེད་རིང་རྒན་སྐལ་བཟང་བདེ་སྐྱིད་ཀྱིས་རང་ཉིད་ཀྱི་སློབ་གཉེར་ལམ་བུ་བཤད།
“མོན་པ་རིགས་ཀྱི་བུ་མོ”སྐལ་བཟང་བདེ་སྐྱིད་ནི་1978ལོར་མེ་ཏོག་རྫོང་སྤང་ཞིང་ཤང་གི་ཞིང་འབྲོག་པའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། “སྐབས་དེ་དུས་ཤང་གི་ཕྲུ་གུ་ཚང་མ་ལོ་9དང་10ལ་སླེབས་སྐབས་གཞི་ནས་སློབ་གྲྭར་འགྲོ་གི་ཡོད། སྤང་ཞིང་ཤང་སློབ་ཆུང་གི་སློབ་ཁང་ནི་རྙིང་ཧྲུལ་ཞིག་ལས་མེད་པ་དང་དགེ་རྒན་གཅིག་གིས་ཕྲུ་གུ་བཅུ་གྲངས་ལ་སློབ་ཚན་འཁྲིད་ཀྱི་ཡོད། ང་སྤང་ཞིང་ཤང་སློབ་ཆུང་དུ་ལོ་རིམ་དང་པོ་ལས་འགྲོ་མྱོང་མེད། ལོ་རིམ་གཉིས་པ་ནས་བཟུང་ཉིང་ཁྲི་སློབ་ཆུང་གཉིས་པར་མུ་མཐུད་སློབ་སྦྱོང་བྱེད་པར་བསྐྱོད་ནས། ཤང་གི‘ཕྱིར་ཐོན་པའི་སློབ་ཆུང་སློབ་མ’འབའ་ཞིག་དེར་གྱུར”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་བཤད།
སྐབས་དེ་དུས་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་མེད་པས་ཁྱིམ་དུ་ལོག་པར་ལམ་ཐག་རིང་ལ་དཀའ་ཚེགས་ཤིན་ཏུ་ཆེ། སློབ་ཆུང་འགྲིམ་སྐབས་སྐལ་བཟང་བདེ་སྐྱིད་ལོ་གཉིས་གསུམ་ནང་ཁྱིམ་དུ་ཐེངས་གཅིག་ལས་ལོག་ཐུབ་ཀྱི་མེད། “ཁྱིམ་དུ་ལོག་རིམ་བཞིན་སྔོན་ལ་རྐང་ཐང་མར་སྐྱོད་པའམ་ཡང་ན་རླངས་འཁོར་གླས་ནས་སྤོ་བོ་རྫོང་དུ་སྐྱོད་དགོས་ཀྱི་ཡོད། རླངས་འཁོར་གླས་ནས་སྤོ་བོ་རྫོང་དུ་སྐྱོད་པར་བདལ་གླ་སྒོར་10སྤྲོད་དགོས་ཀྱི་ཡོད། རི་ཉིལ་ནས་ལམ་འགག་ཚེ་གངས་རི་བརྒལ་དགོས་པ་དང་། ཁྱིམ་དུ་ལོག་ཐེངས་རེར་ཉུང་མཐར་ཡང་ཉིན་5འགོར་གྱི་ཡོད”
“གྲོང་ཚོར་སྡོད་སྐབས་ང་ཚོས་དམའ་རིམ་སློབ་འབྲིང་བར་འགྲིམ་ཚེ། སློབ་གྲྭ་ཐོན་པ་རེད་སྙམ་གྱི་འདུག”ཉིང་ཁྲིར་སླེབས་རྗེས་སྐལ་བཟང་བདེ་སྐྱིད་ཀྱིས་ད་དུང་སློབ་ཆེན་འགྲིམ་རྒྱུ་ཡོད་པ་གཞི་ནས་ཤེས། “ཉིང་ཁྲིའི་དགེ་རྒན་གྱིས་ང་ཚོར་བོད་ལྗོངས་འཛིན་གྲྭར་རྒྱུགས་གཏོང་རྒྱུའི་སྐུལ་ལྕག་དང་ད་དུང་ང་ཚོར་མེས་རྒྱལ་གྱི་ས་གནས་ཁག་གི་འདུ་འཛི་ཆེ་བའི་གྲོང་ཁྱེར་ངོ་སྤྲོད་གནང་བྱུང་བས་ང་རང་ཡིད་སྨོན་ཆེན་པོ་སྐྱེས་བྱུང་། སྐབས་དེ་དུས་ཉིང་ཁྲི་དར་རྒྱས་ཆེན་པོ་རེད་འདུག་བསམ་གྱི་ཡོད། བསམ་ཡུལ་ལས་འདས་པར་ཉིང་ཁྲི་ལས་ཡངས་པའི་གནམ་ས་འདུག”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་བཤད།
སློབ་ཆུང་ཐོན་རྗེས་ཀྱི་དབྱར་གསེང་སྐབས་སྐལ་བཟང་བདེ་སྐྱིད་སྤང་ཞིང་ཤང་དུ་ལོག ཤང་སློབ་གྲྭ་དེ་ལོ་དྲུག་གི་སྔོན་དང་འདྲ་བར་འགྱུར་ལྡོག་ཅི་ཡང་བྱུང་མེད། སྔོན་ཆད་ཀྱི་སློབ་གྲོགས་ཚོས་ཀྱང་ང་ལ་ཡ་མཚན་ཆེན་པོས་ཕྱི་རོལ་གྱི་སློབ་གྲྭ་ནས་ཅི་ཞིག་མཐོང་བྱུང་ངམ་ཞེས་དྲིས་ཀྱི་འདུག “ངས་ཁོ་ཚོར་ཕྱི་རོལ་དུ་ཐོག་བརྩེགས་ཁང་ཆེན་དང་། རླངས་འཁོར། བྱི་རིལ་སོགས་ཡོད་པ་དང་ད་དུང་ཁོང་ཚོ་ཕྱིར་བསྐྱོད་རྒྱུར་ལྕག་སྐུལ་ཀྱང་བྱས་པ་ཡིན། འོན་ཀྱང་ཁོང་ཚོས‘སྐྲག་གིས། འགྲོ་ནུས་ཀྱི་མི་འདུག’ཅེས་བརྗོད་ཀྱི་འདུག”
སྐལ་བཟང་བདེ་སྐྱིད་ཀྱིས་ད་བར་གནས་ཚུལ་དེ་གསལ་པོར་ངེས་ཡོད། དུས་དེ་ནས་བཟུང་ཁོ་མོས་སློབ་ཆེན་མཐར་ཕྱིན་པ་འགྲིམ་རྗེས་ཕ་ཡུལ་དུ་ལོག་ནས་དགེ་རྒན་བྱེད་རྒྱུའི་སེམས་ཐག་བཅད།
2001ལོར་སྐལ་བཟང་བདེ་སྐྱིད་ཧོ་པེ་དགེ་འོས་སློབ་ཆེན་ཐོན་རྗེས་བོད་དུ་ལོག མཉམ་དུ་སློབ་གྲྭ་ཐོན་པའི་སློབ་གྲོགས་ཚང་མ་ཆ་རྐྱེན་ཅུང་ལེགས་པའི་རྫོང་གྲོང་དུ་ལས་ཀ་བྱེད་པར་ཕྱིན། འོན་ཀྱང་རང་ཉིད་ཀྱི་ཕ་ཡུལ་དུ་དགེ་རྒན་དཀོན་པ་ཤེས་རྗེས་ཁོ་མོས་སྤང་ཞིང་ཤང་དུ་ལོག་རྒྱུའི་གདམ་ཀ་བྱས། “ངས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕ་ཡུལ་གྱི་ཕྲུ་གུ་ཚོ་གསོ་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་སྐལ་བཟང་བདེ་སྐྱིད་ཀྱིས་བཤད།
མེ་ཏོག་རྫོང་ནས་སྤང་ཞིང་ཤང་བར་གཞུང་ལམ་མེད་པས་རྐང་ཐང་མར་སྐྱོད་པར་ཉིན་གཉིས་ཏག་ཏག་འགོར་གྱི་ཡོད། སྐབས་དེ་དུས་སྤང་ཞིང་ཤང་སློབ་ཆུང་གི་ཕྲུ་གུའི་བཞི་ཆ་གསུམ་ཙམ་སློབ་གྲྭའི་རྒྱུན་སྡོད་སློབ་མ་ཡིན་པས་དངོས་ཟོག་ཚང་མ་དགེ་རྒན་གྱིས་འཁུར་དགོས་ཀྱི་ཡོད། འཚོ་བའི་ཐད་དཀའ་ངལ་ཡོད་རུང་ཐག་གཅོད་བྱེད་ཐབས་རྙེད་ཐུབ་མོད། འོན་ཀྱང་དཀའ་ངལ་ཆེ་ཤོས་ནི“སློབ་གྲྭར་འགྲོ་བའི་གོ་བསྐོན་བློ་འགུགས་བྱ་རྒྱུ”དེ་རེད།
2013ལོར་མེ་ཏོག་རྫོང་ལ་རླངས་འཁོར་ཤར་གཏོང་ཐུབ་ནས་མེ་ཏོག་རྫོང་གི་སློབ་གསོར་ཡང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། སྐལ་བཟང་བདེ་སྐྱིད་ཀྱིས། ཕྲུ་གུ་ཚོ་ཡང“སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོད་པའི”བར་འགྱུར་ལྡོག་བྱུང་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་ནས་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། སློབ་གསོ་ཆ་འཕྲིན་ཅན་དེ་སློབ་ཁང་ནང་ཁྱབ་པ་བཅས་བྱུང་ནས་མེ་ཏོག་རྫོང་གི་སློབ་གསོར་སློབ་གཉེར་གྲོན་དངུལ་གཏོང་ཤུགས་དང་མཁྲེགས་ཆས་སྒྲིག་བཀོད་སོགས་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད།
“མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་ཐུབ་རྗེས་རྫོང་གིས་ནང་སའི་དགེ་རྒན་མི་ཉུང་བ་ཞིག་གདན་དྲངས་ཡོད། ད་ཆ་སློབ་ཁྲིད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་ཕྱིན་པ་དང་། སློབ་གྲྭའི་སྒྲིག་ཆས་ཆ་ཚང་བ། ཁྱིམ་བདག་གིས་སློབ་གསོར་འཛིན་པའི་རྣམ་འགྱུར་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་བྱུང་ནས། རང་འགུལ་ངང་ཕྲུ་གུའི་སློབ་སྦྱོང་ལ་སེམས་ཁུར་བྱེད་འགོ་ཚུཌ་ཡོད”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་བཤད།
“སློབ་གསོ་ནི་ལས་དབང་ལ་འགྱུར་ལྡོག་གཏོང་བའི་རྨང་རྡོ་གལ་ཆེན་ཞིག་ཡིན་པ་ང་ལ་ཡིད་ཆེས་ཡོད། ད་ལྟ་ང་རང་ཡང་སློབ་གསོའི་བྱ་གཞག་གཉེར་མཁན་ཞིག་ཡིན་པས། ཏང་དང་རྒྱལ་ཁབ་ཀྱིས་མཁོ་འདོན་བྱས་པའི་སློབ་གསོའི་ཁོར་ཡུག་བཟང་པོའི་འོག ངའི་སློབ་མ་རྣམས་ལ་སྔར་བས་ཡངས་པའི་མདུན་ལམ་ཞིག་ལྡན་པའི་རེ་བ་ཡོད”ཅེས་སྐལ་བཟང་བདེ་སྐྱིད་ཀྱིས་བཤད།