ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲོའར་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན། “ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ་དང་ཀྲུང་གོའི་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཚོགས་འདུ”ཧན་གོའི་ཧྲོའར་དུ་འཚོགས་ཤིང་། ཧན་གོར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤིང་ཧའེ་མིང་དང་། ཧན་གོའི་རྒྱལ་དོན་ཙུང་ལི་ཟུར་པ་ལི་ཧྲོའུ་ཁྲེང་དང་ཁྲེང་ཅུན་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལི་ཤིས་ཡུས། ཧན་ཀྲུང་སྤེལ་རེས་མཐུན་ཚོགས་ཀྱི་ཚོགས་གཙོ་ཅིན་རུང་ཏེ་བཅས་དང་དེ་བཞིན་ཧན་གོའི་དབང་གྲགས་ལྡན་པའི་ཇུས་འདོན་ཚོགས་པ་དང་གྲགས་ཅན་སློབ་གླིང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོགས་འདུར་ཞུགས་པ་རེད།
ཤིང་ཧའེ་མིང་གིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དེས་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ནས་ཀྲུང་གོ་དང་ཀྲུང་གོ་མི་དམངས་ཀྱི་མདུན་ལམ་དང་ལས་དབང་གསར་རྐྱང་དུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་དང་འགྲོ་འོང་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་མཉམ་སྤྱོད་བྱེད་པ། ཕན་ཚུན་དབར་གྱི་འཐབ་ཇུས་ཀྱི་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ། ཤེས་དཔལ་སྤེལ་རེས་དང་སྐད་ཆ་ཤོད་རེས་བྱེད་པ་བཅས་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད།
ལི་ཧྲོའུ་ཁྲེང་གིས་ཧན་ཀྲུང་ཕྱོགས་གཉིས་པོའི་འབྲེལ་བ་ཧ་ཅང་ཟབ་པ་དང་ཁེ་ཕན་མཉམ་འདྲེས་གཏིང་ཟབ་བྱུང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་མི་སེམས་སུ་གཏིང་ཟབ་ཟུག་ཡོད། ཧན་ཀྲུང་འབྲེལ་བར་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་ལས་ཕྱོགས་གཉིས་པོར་དངོས་དངོས་རྗེན་རྗེན་གྱི་ཁེ་ཕན་ཐོབ་པ་མ་ཟད། ས་ཁུལ་དང་ཐ་ན་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་ལ་སྟོབས་ཤུགས་གལ་ཆེན་ལེགས་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད།
ལི་ཤིས་ཡུས་ཀྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོ་གུང་ཁྲན་ཏང་ལོ་ངོ་བརྒྱ་བརྒྱུད་འཛམ་གླིང་གི་སྲིད་ཏང་ཆེ་ཤོས་སུ་གྱུར་པ་དང་། དེས་ཀྲུང་གོའི་སྣེ་ཁྲིད་དེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་འཕེལ་རྒྱས་བྱུང་ཡོད། དེའི་ནང་གི་མཆོག་ནོར་གཉིས་ནི“དངོས་ཐོག་བདེན་འཚོལ”དང“དུས་བསྟུན་འཕེལ་རྒྱས”རེད། ཧན་ཀྲུང་ནི་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་གི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། ཕྱི་འབྲེལ་བཙུགས་ནས་ལོ་29སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་མིག་དཔེར་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བ་གོ་སྐབས་སུ་བྱས་ཏེ་ཧན་གོ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།