དབུ་ཤོག>ཆེད་སྒྲིག
  • ཧོང་ཀུང་ལུའེ། དམར་དམག་གི་ཕུལ་དུ་བྱུང་བའི་དམག་དཔོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། སུན་ཁྲའོ།   |     སྤེལ་དུས།  2021-05-27

    570801_yis_1622044800000_s.jpg

    འདི་ནི་ཧོང་ཀུང་ལུའེ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་འདྲ་པར) 

    ཧོང་ཀུང་ལུའེ་ནི་1898ལོར་ཧུའུ་ནན་ཤང་ཤང་གི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། 1916ལོར་ཧུའུ་ནན་དམག་ལ་ཞུགས་པ་དང་1926ལོར་བྱང་འདུལ་དམག་འཐབ་ནང་ཞུགས་ཏེ་ཝུའུ་ཁྲང་གྲོང་བཟུང་བ་སོགས་ཀྱི་དམག་འཐབ་ནང་བྱས་རྗེས་བཞག་ཡོད། ལོ་དེའི་ལོ་མཇུག་ཏུ་ཧོང་ཕུའུ་དམག་སློབ་མཐོ་རིམ་འཛིན་གྲྭར་སློབ་སྦྱོང་གནང་། 1927ལོར་ཀོང་ཀྲོའུ་འོས་ལངས་ནང་ཞུགས། ལོ་དེར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1928ལོའི་ཟླ་7པར་ཧོང་ཀུང་ལུའེ་དང་ཕེང་ཏེ་ཧོའེ་སོགས་ཀྱིས་ཕིང་ཅང་འོས་ལངས་ལ་འགོ་ཁྲིད་གནང་། ལོ་དེའི་ཟླ་11པར་དམར་དམག་དཔུང་སྡེ་ལྔ་པའི་གཙོ་ཤུགས་ཅིང་ཀང་ཧྲན་དུ་དཔུང་སྐྱོད་བྱས་རྗེས་ཁོང་གིས་དཔུང་སྡེའི་སྣེ་འཁྲིད་དེ་ཕིང་ཅང་དང་ལིའུ་དབྱང་རྒྱུད་དུ་མང་ཚོགས་སྐུལ་སློང་གིས་ངེས་མེད་རྒོལ་རྡུང་དམག་འཐབ་གནང་བ་དང་། ཧུའུ་ནན་དང་། ཧུའུ་པེ། ཅང་ཤིས་བཅས་ཀྱི་སུའུ་ཝེ་ཨེད་ས་ཁུལ་བཙུགས།

    1930ལོའི་ཟླ་དང་པོར། ཧོང་ཀུང་ལུའེ་དམར་དམག་དཔུང་སྡེ་དྲུག་པའི་ཅུན་ཀྲང་ལ་བསྐོས་རྗེས་དཔུང་སྡེའི་སྣེ་འཁྲིད་དེ་ཅང་ཤིས་ལྷོ་ནུབ་ས་ཁུལ་དུ་དཀའ་ཚེགས་ཆེ་བའི་འཐབ་རྩོད་གནང་བ་དང་། གསར་བརྗེའི་དྲག་ཆས་གོང་འཕེལ་བཏང་བ། སུའུ་ཝེ་ཨེད་སྲིད་དབང་བཙུགས་ཏེ་ཁ་ཐོར་དུ་གནས་པའི་ངེས་མེད་རྒོལ་རྡུང་ཁུལ་དེ་དག་གསར་བརྗེའི་རྟེན་གཞིའི་ཁུལ་ཡུག་ཆེན་ཞིག་ཆགས་པར་གནང་ཡོད། ཟླ་7པར་དམར་དམག་དཔུང་སྡེ་དང་པོའི་ཅུན་ཤོག་གསུམ་པའི་ཅུན་ཀྲང་གི་འགན་བཞེས། ཟླ་8པར་ཧུའུ་ནན་ལིའུ་དབྱང་ཝུན་ཅཱ་གྲོང་ཁྱེར་ལ་གློ་བུར་འཇབ་རྒོལ་བྱེད་པའི་དམག་འཐབ་ཁྲོད་དམར་དམག་ཅུན་ཤོག་གསུམ་པས་དཔའ་ངར་ཆེན་པོས་དམག་འཐབ་བྱེད་པར་བཀོད་འདོམས་གནང་ནས་གོ་མིན་ཏང་དམག་དཔུང་གི་ཐོན་ཤོག་གསུམ་དང་ཡིང་ཤོག་གཅིག་ཚར་བཅད་ནས་དམར་དམག་དཔུང་སྡེ་དང་པོ་བཙུགས་ཚུན་གྱི་རྒྱལ་ཁ་ཆེན་པོ་དང་པོ་དེ་བླངས་པ་རེད།

    ཀྲུང་དབྱང་སུའུ་ཝེ་ཨེད་ས་ཁུལ་གྱི“བསྐོར་བཅོམ”ལ་ངོ་རྒོལ་བྱེད་ཐེངས་དང་པོ་ནས་གསུམ་པའི་བར། ཧོང་ཀུང་ལུའེ་ཡིས་དགྲ་བསླུས་དཀྱིལ་ཁྲིད་ཀྱི་ཐབས་ཇུས་བྱེད་ཕྱོགས་མཐའ་གཅིག་ཏུ་ལག་ལེན་བསྟར་ནས་དམར་དམག་ཅུན་ཤོག་གསུམ་པས་དཔའ་ངར་ཆེན་པོས་དམག་འཐབ་བྱེད་པར་བཀོད་འདོམས་གནང་། ལུང་ཀང་དམག་འཐབ་ཁྲོད་གོ་མིན་ཏང་དམག་དཔུང་གི་ཧྲི་ཤོག་བཅོ་བརྒྱད་པའི་རྒྱུན་མཐུད་ཚུར་རྒོལ་ལ་རྒོལ་ལན་སློག་པ་དང་། ཧྥུའུ་ཐེན་དམག་འཐབ་ཁྲོད་དགྲ་བོའི་དམག་གི་ཧྲི་ཤོག་ཉེར་བརྒྱད་པ་སོགས་ཚར་བཅད་པ། ལའོ་ཡིང་ཕན་དམག་འཐབ་ཁྲོད་དགྲ་བོའི་དམག་གི་ཧྲི་ཤོག་དགུ་པའི་རང་ཚུགས་ལུའེ་ཤོག་ཚར་བཅད་པ་རེད།

    1931ལོའི་ཟླ་9ཚེས་15ཉིན། ཧོང་ཀུང་ལུའེ་ཡིས་དཔུང་སྡེའི་སྣེ་འཁྲིད་དེ་ཧྥང་ཧྲི་ལིང་གི་འདེད་རྡུང་དམག་འཐབ་ལ་ཞུགས། བཀོད་འདོམས་དཔུང་སྡེ་གནས་སྤོ་བའི་ལམ་བར་དུ། ཅིས་ཨན་ཏུང་ཀུའུ་ཡི་ལིའུ་ཏུའུ་རི་ཉག་ཏུ་དགྲ་བོའི་གནམ་གྲུའི་འཇབ་རྒོལ་ཕོག་ནས་སྟབས་མ་ལེགས་པར་མདེའུ་ཕོག་སྟེ་སྐུ་གཤེགས་པ་དང་། སྐབས་དེ་དུས་དགུང་ལོ་33རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།