བྱང་རྩྭ་ཐང་ནི་བོད་ཀྱི་བྱང་རྒྱུད་དུ་ཆགས་པ་དང་ས་ཆ་མང་ཆེ་བ་ཐོག་མའི་རྣམ་པར་གནས་ཡོད། ཉར་ཚགས་ཆ་ཚང་བ་དང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མཐོ་གྲང་གི་སྐྱེ་ཁམས་མ་ལག་ལས་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཛོད་ལྟ་བུ་ཞིག་གྲུབ་པར་རི་སྐྱེས་སྲོག་ཆགས་མང་པོ་གནས་དེར་འཚོ་སྡོད་བྱེད་ཀྱི་ཡོད། གནས་དེར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་རིགས་10དང་། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་རིགས་21ཡོད།
སྐྱེ་དངོས་སྣ་མང་རང་བཞིན་ནི་མིའི་རིགས་ཀྱི་བདེ་སྐྱིད་ཡོང་གཞི་དང་འབྲེལ་བ་ཡོད་པ་མ་ཟད། མི་རྣམས་འཚོ་གནས་བྱེད་པ་དང་འཕེལ་རྒྱས་གཏོང་བའི་རྨང་གཞི་གལ་ཆེན་ཞིག་ཀྱང་རེད། འདི་ལོའི“རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོའི”བརྗོད་དོན་གཙོ་བོ་ནི“རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པའི་འགན་འཁྲི་མི་ཚང་མར་ཡོད”ཅེས་པ་ཡིན་ཞིང་། དེས་མི་རྣམས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཀྱི་གལ་ཆེའི་རང་བཞིན་ནན་བཤད་བྱས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ད་ཆ་བོད་ཀྱི་སྐྱེ་ཁམས་མ་ལག་ཁྱོན་ཡོངས་བརྟན་པོ་བྱུང་བ་དང་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་ནས་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྲས་སུ་གྱུར་ཡོད།
རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐད། མིག་སྔའི་བར། བོད་དུ་འབྲོང་གི་གྲངས་ཚད་ཁྲི་4ལྷག་ཟིན་པ་དེ་2003ལོ་ལས་ཁྲི་2.5ཙམ་མང་དུ་སོང་བ་དང་། གཙོད་ཀྱི་གྲངས་ཚད་ཁྲི་8ནས་ད་ཆའི་ཁྲི་20བར་མང་དུ་སོང་བ། རྐྱང་གི་གྲངས་ཚད་ཁྲི་5ནས་ཁྲི་9ཙམ་བར་མང་དུ་སོང་བ། དཀོན་ལ་རྩ་ཆེའི་རི་སྐྱེས་སྲོག་ཆགས་5གསར་དུ་ཤེས་རྟོགས་བྱུང་བ། དེ་སྔོན་སྟོངས་ཟིན་པར་བརྩིས་པའི་བོད་ཀྱི་ཤྭ་བ་སེར་ཆེན་གྱི་ཁྱུ་ཚོགས་སླར་གསོ་ཐུབ་ནས་གྲངས་ཚད་ཁྲི་1ལས་བརྒལ་བ། དྲེད་མོང་དང་། སྤྱང་ཀི ཝ་སོགས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་ཚད་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད།
རི་སྐྱེས་སྲོག་ཆགས་བག་ཕེབས་ངང་གནས་བཅས་ནས་རྒྱུད་པ་སྤེལ་ཐུབ་པ་ནི་མི་རྣམས་ཀྱིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་གང་ལེགས་བྱས་པ་དང་ཁ་འབྲལ་ཐབས་མེད།
བྱང་རྩྭ་ཐང་དུ་གནས་པའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བོད་ཀྱི་གསེར་གླིང་མཚོའི་ཚུལ་ཁྲིམས་མཐར་ཕྱིན་ནི་རི་སྐྱེས་སྲོག་ཆགས་སྲུང་མཁན་ཞིག་རེད། ཁོང་གིས་དུས་བཀག་ལྟར་སྲུང་སྐྱོང་ཁུལ་དུ་སྐོར་གཡེང་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་གནས་ཚུལ་ལ་དོ་ཁུར་བྱེད་པ་དང་སྦྲགས། རི་སྐྱེས་སྲོག་ཆགས་ཤེས་རྟོགས་བྱུང་བའི་ས་གནས་དང་། དུས་ཚོད། ཁྱུ་ཚོགས་ཀྱི་གྲངས་འབོར། ཕོ་མོའི་དབྱེ་བ་སོགས་ཀྱི་གནས་ཚུལ་ཐོ་འགོད་ཞིབ་ཕྲ་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་སྲུང་སྐྱོང་དང་ཞིབ་འཇུག་ལ་རྩ་ཆེའི་གྲངས་གཞི་གལ་ཆེན་མཁོ་འདོན་བྱེད་ཀྱི་ཡོད།
མིག་སྔར་བྱང་རྩྭ་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་བྱང་ཐང་གི་འབྲོག་པ་མང་ཚོགས་780ཡིས་ཆེད་ལས་ལྟ་སྲུང་བ་བྱས་ནས་ས་མཐོའི་སྲོག་ཆགས་སྲུང་སྐྱོང་གི་བྱ་གཞག་ལ་ཞུགས་བཞིན་ཡོད།
བོད་ཡོངས་ཀྱི་ཁྱབ་ཁོངས་ནང་། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་གྲངས་གཞི་ལས་མངོན་པར། མ་དངུལ་སྒོར་དུང་ཕྱུར་122ལྷག་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བཏང་སྟེ། གྲོང་ཁྱེར(ས་ཁུལ)5དང་རྫོང་3ལ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་གྲུབ་འབྲས་ལྡན་པའི་ངང་འཛུགས་གཏོད་བྱས་པ་དང་། རྩྭ་རའི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%ཟིན་པ། སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་1072ཟིན་ཡོད་པ་རེད།
“བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་པ་བརྒྱུད། ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད”ཅེས་བོད་ལྗོངས་སློབ་ཆེན་སྐྱེ་ཁམས་རིག་པའི་དགེ་རྒན་ཆེ་མོ་བ་སྐྱེ་ཁམས་རིག་ཚན་གྱི་སྣེ་ཁྲིད་པ་ལྷག་ཆུང་གིས་བཤད།
རྩྭ་ཐང་ནས་གྲུང་ཤ་དོད་ཅིང་བདེ་ལྕག་འཁྱུག་པའི་ས་མཐོའི་སྲོག་ཆགས་གཙོད་ཀྱི་ཁྱུ་ཚོགས་མཐོང་སྐབས་ཚུལ་ཁྲིམས་མཐར་ཕྱིན་ལ་ཚེ་སྲོག་གི་གཟི་སྦྱིན་ཞིག་ཚོར་ཞིང་། ཁོང་གིས“སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་མིའི་རིགས་རང་ཉིད་ཀྱི་ཁྱིམ་གཞིས་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་དང་གཉིས་སུ་མ་མཆིས”ཞེས་བཤད།