དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-05-27

    ཉེ་དུས། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་སྟེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་མཚམས་སུ“ལོ་རྒྱུས་ཁག་བཞི”ཡི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ་རེད།

    《བརྡ་ཐོའི》ནང་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ནས་སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་སྤེལ་བ་དང་། ཏང་གི་ལོ་རྒྱུས་ཤེས་བྱ་ཁྱབ་གདལ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མང་ཚོགས་དང་གཞི་རིམ་དུ་གཏིང་ཟབ་སྤེལ་བ་དང་སེམས་ཁོང་དུ་ཟུག་རྒྱུར་སྐུལ་འདེད་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་རླབས་ཆེན་ལེགས་སྐྱེས་ཕུལ་བར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་ཁྲིད་སྟོན་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱུན་འཁྱོངས་ལྷོད་མེད་ངང་མི་དམངས་ཆེད་དུ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་དམིགས་ཡུལ་གཏིང་ཟབ་ཚོར་བ། ཀྲུང་གོ་གུང་ཁྲན་ཏང་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་བཏང་ནས་གྲུབ་པའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་སློབ་སྦྱོང་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གིས་དུས་ཡུན་རིང་པོའི་འབད་འཐབ་ཁྲོད་བཏོད་པའི་རླབས་ཆེན་གྱི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རླབས་ཆེན་གྱི་ལག་ལེན་ཁྲོད་བྱས་རྗེས་འཇོག་དགོས།

    《བརྡ་ཐོའི》ནང་ཁ་གསལ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་གཙོ་རྐང་དུ་བཟུང་ནས་དགོངས་པ་གལ་ཆེན་འདིའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་། ལོ་རྒྱུས་ཀྱི་གཏན་ཚིགས། ལག་ལེན་གྱི་གཏན་ཚིགས་བཅས་ཁོང་དུ་ཡང་དག་ཆུད་པ་དང་། དགོངས་པ་གལ་ཆེན་འདིའི་ལོ་རྒྱུས་ཀྱི་གནས་བབ་དང་དོན་སྙིང་གལ་ཆེན་གོ་བ་གཏིང་ཟབ་བླངས་ཏེ་ཆབ་སྲིད་ཐད་ཀྱི་མོས་སེམས་དང་། བསམ་བློའི་ཐད་ཀྱི་མོས་སེམས། རིགས་པའི་གཞུང་ལུགས་ཐད་ཀྱི་མོས་སེམས། བརྩེ་སེམས་ཐད་ཀྱི་མོས་སེམས་བཅས་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན། ལྷག་པར་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་དུས་ཐོག་རྗེས་སྙེག་གིས་སྦྱོང་བ་དང་། སྔ་ཕྱི་སྦྲེལ་མཐུད་ཀྱིས་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱེད་དགོས།

    《བརྡ་ཐོའི》ནང་བསྟན་དོན། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཁག་སྒྲིག་འཛུགས་ཡག་པོ་བྱེད་དགོས་པ་སྟེ། གཅིག་ནས་དཔེ་དེབ་བཀླགས་ཏེ་ལོ་རྒྱུས་སྦྱོང་བའི་བྱེད་སྒོ་ཡག་པོ་སྤེལ་དགོས་ཤིང་། “དཔེ་དེབ་ལས་ལོ་ངོ་བརྒྱའི་རླབས་ཆེན་བྱ་གཞག་མངོན་པ”ཞེས་པའི་དཔེ་དེབ་ཡག་པོ་འོས་སྦྱོར་དང་ལྟ་ཀློག་གི་བྱེད་སྒོ་སྤེལ་བ་དང་། “གསར་བརྗེའི་གསུང་རྩོམ། ལོ་བརྒྱའི་ཕྱག་རྟགས”ཞེས་པའི་དཔེ་ཀློག་བྱེད་སྒོ་སྤེལ་བ། “བྱང་ཚད་མཐོར་གཏོང་། མིག་དཔེ་འདོན་པ”ཞེས་པའི་དཔེ་ཀློག་གི་བྱེད་སྒོ་སྒྲིག་འཛུགས་བྱེད་པ། ཏང་འཛུགས་སྐྱོང་གི་ཚད་ལྡན་ཡིག་ཆ་ཆེད་དོན་ལྟ་ཀློག་དང་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ་བཅས་དང་། གཉིས་ནས་གཞི་རིམ་གྱི་སྒྲོག་འགྲེལ་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས་ཤིང་། མི་སེར་གྱི་སྒྲོག་འགྲེལ་རྒྱ་ཁྱབ་ངང་སྤེལ་བ་དང་། གཞི་རིམ་དུ་བསྐྱོད་དེ་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པ། གཏམ་རྒྱུད་ཆུང་ངུ་གླེང་ནས་གནས་ལུགས་ཆེན་པོ་རྟོགས་པ། དུས་བབ་སྙན་ཞུའི་ཚོགས་འདུ་འཚོགས་པ། “ལོ་རྒྱུས་ཁག་བཞི”ཆེད་དོན་སྒྲོག་འགྲེལ་བྱེད་པ། འགོ་ཁྲིད་ལས་བྱེད་པ་གདན་དྲངས་ཏེ་སྣེ་ཁྲིད་ནས་སྙན་ཞུ་བཅས་བྱེད་དགོས། གསུམ་ནས་སློབ་སྦྱོང་ཉམས་ལེན་གྱི་བྱེད་སྒོ་སྤེལ་དགོས་ཤིང་། གསར་བརྗེའི་རིག་གནས་ཀྱི་བསྟན་དོན་སྔོག་འདོན་གཏིང་ཟབ་བྱས་ཏེ་སྤུས་དག་འགྲེམས་སྟོན་དང་། གསར་བརྗེའི་ཡུལ་སྐོར་ལམ་ཐིག་རྩེ་གྲ སློབ་སྦྱོང་ཉམས་ལེན་གྱི་ལམ་ཐིག་བཅས་ཁག་གཅིག་ཇུས་འགོད་ཞིབ་ཚགས་ཀྱིས་འདོན་པ་དང་། རྔམ་བརྗིད་ཀྱི་རྣམ་པ་ལྡན་པ་དང་སློབ་གསོའི་དོན་སྙིང་ལྡན་པའི་མཛད་སྒོ་དང་བྱེད་སྒོ་སྒྲིག་འཛུགས་བྱེད་པ། རིག་གནས་དང་ཚན་རྩལ་འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”སོགས་སྤྱི་ཚོགས་ཀྱི་ལག་ལེན་བྱེད་སྒོ་སྤེལ་དགོས། བཞི་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་གུས་འདུད་ཞུ་བའི་བྱེད་སྒོ་སྤེལ་དགོས། སྔོན་གཤེགས་དཔའ་བོའི་དྲན་གསོའི་ཉིན་མོ་སོགས་དྲན་གསོའི་ཉིན་མོ་གལ་ཆེན་དང་དེ་བཞིན་སྲོལ་རྒྱུན་གྱི་དུས་ཆེན་གཞན་དག་དང་ཟུང་འབྲེལ་གྱིས་སྔོན་གཤེགས་དཔའ་བོའི་དུར་སར་མཆོད་འབུལ་དང་། མེ་ཏོག་སི་ར་འབུལ་བ། མྱ་ངན་ཞུ་ཡིག་སྒྲོག་སྦྱངས། ཤུལ་བཞག་དངོས་རྫས་མཇལ་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། “སྔོན་གཤེགས་དཔའ་བོའི་གཉེན་ཉེ་འཚོལ་བའི”ཆེད་དོན་བྱ་སྤྱོད་སྤེལ་བ། “སེམས་གཏིང་གི་དར་ཆ”སོགས་གསར་བརྗེའི་འཆད་འགྲེལ་བའི་འགྲན་བསྡུར་ཆེན་པོ་སྒྲིག་འཛུགས་བྱས་ནས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ལྔ་ནས་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་དགོས། “གཟེངས་སུ་ཐོན་པའི་མི་100གསུམ”གཅིག་སྡུད་དྲིལ་བསྒྲགས་དང་ཁྱབ་བསྒྲགས་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་གཟི་བརྗིད་མཚན་སྙན་འཐོབ་མཁན་དང་དུས་རབས་ཀྱི་མིག་དཔེ་སོགས་སྔོན་ཐོན་དཔེ་མཚོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ། འཐབ་འཛིང་བ་རྒན་གྲས་དང་། བློ་མཐུན་རྒན་གྲས། གཡུལ་སར་རྒྱབ་སྐྱོར་བྱེད་མཁན་དཔེ་མཚོན་རྒན་གྲས། སྔོན་གཤེགས་དཔའ་བོའི་ནང་མི་སོགས་ལ་འདྲི་རྩད་དང་འཚམས་འདྲི་བྱས་ནས་ཁོ་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་དགོས། དྲུག་ནས་གསར་བརྗེའི་ཁྱིམ་སྲོལ་རྒྱུན་འཛིན་གྱི་བྱེད་སྒོ་སྤེལ་དགོས། ཡ་རབས་ལྡན་པའི་ཁྱིམ་ཚང་དང་། བཟང་པོ་ལྔ་ལྡན་ཁྱིམ་ཚང་། ཁྱིམ་ཚང་མཛེས་ཤོས་བཅས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་སྐོར་སྐྱོད་སྒྲོག་འགྲེལ་དང་། བརྗོད་དོན་གཙོ་བོའི་འགྲེམས་སྟོན། ཁྱིམ་ཚང་གི་གཏམ་རྒྱུད་ཕྱོགས་བསྒྲིགས་སོགས་ཀྱི་བྱེད་ཐབས་བརྒྱུད་མི་སེམས་འགུལ་བའི་ཁྱིམ་སྲོལ་སྐོར་གྱི་གཏམ་རྒྱུད་གླེང་བ། བདུན་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་དགོས། “རྒྱལ་ཁབ་སྟོབས་ཆེན་གྱི་རྒྱང་སྐྱོད་ལམ་གསར་ཕྱོགས་སུ་སྐྱོད། དམག་དམངས་མཉམ་དུ་དམག་དཔུང་སྟོབས་ཆེན་ཕུགས་འདུན་གཏོད”པའི་སྐོར་སྐྱོད་སྒྲོག་འགྲེལ་དང་། དམག་སྒར་སྒོ་དབྱེའི་བྱེད་སྒོ་སྤེལ་བ། མཐོ་སློབ་དང་མཐོ་འབྲིང་གི་སློབ་མའི་དམག་སྦྱོང་ལ་དམ་འཛིན་ཡག་པོ། རྒྱལ་སྲུང་སློབ་གསོའི་རྟེན་གཞི་སྤྱད་དེ་གསར་བརྗེའི་ཞིབ་འཇུག་སློབ་གསོ་སྤེལ་བ་བཅས་བྱས་ནས་དམག་ཡོངས་ཀྱི་རྒྱལ་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་དགོས། བརྒྱད་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྒྲིག་འཛུགས་བྱེད་དགོས། མཛེས་རྩལ་འགྲེམས་སྟོན་དང་། ཕུལ་བྱུང་གི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་འགྲེམས་སྟོན། ཕུལ་བྱུང་གི་དྲ་རྒྱའི་རིག་རྩལ་བརྩམས་ཆོས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་། ཤེས་བྱའི་འགྲན་བསྡུར་དང་གཏམ་བཤད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་བ། རིག་གནས་དམངས་ཕན་འདུ་འགོད་གསར་གཏོད་ལག་བསྟར། “གླུ་ཞིག་བླངས་ནས་ཏང་ལ་འབུལ”ཞེས་པའི་མང་ཚོགས་ཀྱིས་གླུ་ལེན་པ་དང་། ཐང་ཆེན་ཞབས་བྲོ་འཁྲབ་སྟོན། “གྲོང་ཚོའི་མཚན་ཚོགས”སོགས་ཀྱི་བྱེད་སྒོ་སྤེལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།