གསར་འགོད་པས་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ཚུན་རང་ལྗོངས་ཀྱིས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ཧུར་ཐག་བཅས་དམིགས་ཚད་དུ་བྱས་ཏེ། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། ཤང་། གྲོང་ཚོ་བཅས་རིམ་པ་ལྔའི་སྒྲོག་འགྲེལ་མ་ལག་ཧུར་ཐག་བཏོད་ཡོད། ཟླ་5པའི་ཟླ་དཀྱིལ་བར་རིམ་པ་ཁག་དང་རིགས་ཁག་གི་སྒྲོག་འགྲེལ་ཚོགས་པ(རུ་ཁག)དང་སྒྲོག་འགྲེལ་པ་ཁྲི་1.46སྒྲིག་འཛུགས་བྱས་ནས་རིམ་རྩིས་བྱས་ན་ཏང་གི་ལོ་རྒྱུས་ཀྱི་ཆེད་དོན་སྒྲོག་འགྲེལ་ཐེངས་ཁྲི་2.29ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་147.49ལ་ཐད་ཀར་ཕན་པ་ཐོབ་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞི་རིམ་དང་མང་ཚོགས་ཁྲོད་སྤེལ་བ་དང་མི་སེམས་ལ་ཟུག་རྒྱུར་སྐུལ་མ་ཐེབས་པ་རེད།
“ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ལ་ཁྱབ་པ་བྱས་ཏེ་བོད་ཀྱི་མི་རིགས་ཁག་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་བསམ་བློའི་སྟོབས་ཤུགས་ཆེན་པོ་ཚོར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་ཚོར་བ། ཏང་གི་ལོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་བྱས་རྗེས་རླབས་ཆེན་བློ་ལ་བརྟན་པོ་ངེས་པ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ཏེ། གཞི་རིམ་མང་ཚོགས་ལ་ཕྱོགས་པའི《ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྒྲོག་འགྲེལ་རྩ་གནད》ཆེད་མངགས་རྩོམ་སྒྲིག་བྱས་པ་དང་འབྲེལ་འཕྲལ་དུ་བོད་ཡིག་ཏུ་བསྒྱུར་ནས་གཞི་རིམ་མང་ཚོགས་ལ་སྒྲོག་འགྲེལ་དང་སློབ་སྦྱོང་ཐད་སྤྱོད་རྒྱུར་མཁོ་འདོན་བྱས་ཡོད”རང་སྐྱོང་ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་ཧྥན་ལེ་ཡིས། མང་ཚོགས་དང་ཉེ་བཅར་བྱས་པ་ཕུད། ད་དུང་བོད་ཡིག་གི་སྒྲོག་འགྲེལ་སློབ་སྦྱོང་དཔྱད་གཞི་དུས་ཐོག་ཏུ་བཏོན་ཡོད།
བོད་ཀྱིས་ད་དུང་གཞི་རིམ་གྱི་སྒྲོག་འགྲེལ་བ་11572ཀྱི་ལེགས་ཆ་གང་ལེགས་བཏོན་ནས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཁྲིད་སྦྱོང་ཁང་། ཞིང་འབྲོག་མང་ཚོགས་ཀྱི་མཚན་མོའི་སློབ་གྲྭ་སོགས་གཞི་རྟེན་ལ་བརྟེན་ནས། གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འབྲོག་ཁུལ་གྱི་རྩྭ་ར་དང་། ཞིང་ནང་དང་མུ་ཁ། གྲོང་ཚོ་དང་སྡོད་ཁང་། ཁྲོམ་གཞུང་དང་སྡེ་ཁུལ་བཅས་སུ་བསྐྱོད་དེ་གོ་བདེ་ལ་རྟོགས་སླ་བའི་སྐད་ནས་འགྱུར་ལྡོག་དང་། མྱོང་ཚོར། འཕེལ་རྒྱས་བཅས་གླེང་སྟེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ“མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར”སྐུལ་འདེད་བཏང་བ་རེད། རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་ཁྲི་1.15བྱས་པར་མི་ཐེངས་ཁྲི་55ལྷག་ཙམ་ལ་ཕན་པ་ཐོབ་ཡོད། རིམ་ཁག་རྩ་འཛུགས་པུའུ་དང་རྨང་བརྟན་དམངས་ཕན་གཞུང་དོན་ཁང་གིས་ལྗོངས་ཡོངས་ཀྱི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཁྲི་2ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་དང་རིམ་རྩིས་བྱས་ན་སྒྲོག་འགྲེལ་ཐེངས་5548བྱས་པར་མི་ཐེངས་ཁྲི་31.34ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“མཐའ་མའི་འགག་གནད”བསལ་ནས་གཞི་རིམ་དུ་སྒྲོག་འགྲེལ་ཡོངས་སུ་ཁྱབ་པའི་འགན་ལེན་བྱས་པ་དང་སྒྲོག་འགྲེལ་གྱི་ནང་དོན་ཁྱིམ་ཚང་ཚང་མས་ཤེས་པར་བྱས་ཡོད་ཅེས་བཤད་པ་རེད།