དབུ་ཤོག>ཆེད་སྒྲིག
  • ཁྱིམ་ཚང་མགྲོན་ཁང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་ཁྲིད་སྟོན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-27

    570360_yis_1622044800000_s.jpg

    འདི་ནི་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མང་ཚོགས་ཚོས་ཡུལ་སྐོར་བར་བསུ་བ་ཞུ་བཞིན་པ། 

    བོད་དུ་བྱེད་སྒོ་ཆེ་གྲས་མང་ཆེ་བ་བཀྲ་ཤིས་ཞོལ་པ་འཁྲབ་ནས་འགོ་འཛུགས་ཀྱི་ཡོད་པ་དང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་རྫོང་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་བཀྲ་ཤིས་ཞོལ་པའི་འབྱུང་གནས་ཡིན།

    རིག་གནས་དར་སྤེལ་བཏང་ནས་དཔལ་འབྱོར་གྱི་ཡོང་འབབ་འཕར་བ་བྱས་ཤིང་། ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོའི་ཤུགས་རྐྱེན་ཆེ་རུ་ཕྱིན་པ་དང་བསྟུན་ནས་སྡེ་ཁུལ་དེས་གནའ་བོའི་རིག་གནས་དང་ཁྱིམ་ཚང་མགྲོན་ཁང་གི་ཡུལ་སྐོར་ཕན་ཚུན་མཉམ་འདྲེས་བྱས་ཏེ་ཁྱིམ་ཚང་མགྲོན་ཁང་གིས་མངོན་མིན་རིག་གནས་ཤུལ་བཞག་ལ་ཁྲིད་སྟོན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    “ཁོང་ཚོས་བྱེད་ཐུབ་པ་དེ་ང་ཚོས་ཀྱང་བྱེད་ཐུབ” 

    བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་སྐྱོད་སྐབས་གཙང་སྦྲ་དོད་པའི་ཨར་འདམ་ལམ་དང་། གྲལ་སྟར་འགྲིག་པའི་ཉི་ནུས་ལམ་སྒྲོན། བཟོ་ལྟ་གཅིག་པའི་བོད་བཟོའི་ཁང་པ། ཕར་འགྲོ་ཚུར་འོང་གི་ལྟ་སྐོར་རླངས་འཁོར། གང་སར་མཐོང་རྒྱུ་ཡོད་པའི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་མཚོན་རྟགས་འབག་སེར་པོ་སོགས་ལས་མི་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་དང་དེང་རབས་ཅན་གྱི་རྣམ་པ་ཞིག་ཤུགས་ཀྱིས་ཚོར་གྱི་འདུག

    ཟླ་5ཚེས་13ཉིན་གྱི་ཕྱི་དྲོ། སྡེ་ཁུལ་གྱི་ལས་བྱེད་པའི་སྣེ་ཁྲིད་འོག བཅར་འདྲི་ཚོགས་ཆུང་རིག་འཛིན་པད་མའི་ཁྱིམ་དུ་བསྐྱོད་པ་ཡིན།

    རིག་འཛིན་པད་མ་ནི་ད་ལོ་ལོ་59ལ་སླེབས་པ་དང་། ན་ནིང་གི་ཟླ་6པར་སྡེ་ཁུལ་གྱི་ལས་བྱེད་པའི་སྐུལ་སློང་འོག་ཁྱིམ་ཚང་མགྲོན་ཁང་གཉེར་བ་རེད། འོན་ཀྱང་ཁོང་གི་ལས་གཏོད་ཀྱི་གདེང་ཚོད་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཐེངས་ཤིག་ལྟ་སྐོར་དུ་འགྲོ་སྐབས་བྱུང་བ་ཞིག་རེད། “སྐབས་དེ་དུས། ཆ་རྐྱེན་རང་ཉིད་ལས་ཞན་པའི་ཁྱིམ་ཚང་ཁག་གཅིག་གིས་ཁྱིམ་ཚང་མགྲོན་ཁང་གཉེར་ཐུབ་པ་མཐོང་སྐབས། ང་ལ་གདེང་ཚོད་རྙེད་བྱུང་། ངའི་བསམ་པར་ཁོང་ཚོས་འཇོན་སར་ང་ཚོས་ཀྱང་འཇོན་གྱི་རེད་སྙམ་བྱུང”

    བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ནི་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོ་དང་བར་ཐག་སྤྱི་ལེ་12ལས་མེད་པ་དང་། སྐབས་དེ་དུས་རིག་འཛིན་པད་མས་རྟག་ཏུ་གཞན་གྱི་རླངས་འཁོར་ལ་སྡོད་པའམ་ཡང་ན་རྐང་ཐང་མར་གྲོང་ཁྱེར་ནང་གླ་པར་འགྲོ་ཡི་ཡོད། ཁོང་གིས“ས་ཕག་དབོར་བ་དང་བྱེ་མ་དང་ཨར་འདམ་བརྫི་བ་སོགས་ཀྱི་ལས་ཀ་ཚང་མ་ངས་བྱེད་མྱོང་ཡོད”ཅེས་བཤད།

    དཀའ་སྤྱད་ལས་བརྩོན་བྱས་ནས་རིག་འཛིན་པད་མ་དང་ཁོང་གི་བཟའ་ཟླ་ཟླ་བས་ཕྲུ་གུ་གསུམ་བསྐྱངས་ཡོད། ད་ཆ་ཕྲུ་གུ་རྒན་པ་དང་གཞོན་པ་གཉིས་ཁྱིམ་ཚང་བཟུང་ནས་ལོགས་སུ་དོན་ཟིན་པ་དང་། རྒན་རྒོན་གཉིས་བུ་ཆུང་བ་པད་མ་ལྷུན་གྲུབ་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། 2018ལོར་ཁོང་ཚོས་སྒོར་ཁྲི་45བཏང་ནས་ཁང་པ་རྙིང་པའི་རྨང་གཞིའི་ཐོག་ཁང་པ་གསར་པ་བརྒྱབ།

    ད་ཆ་རིག་འཛིན་པད་མའི་ཁྱིམ་ཚང་མགྲོན་ཁང་དེ་སྔའི་ཁང་མིག་2དང་ཉལ་ཁྲི་5ནས་ད་ཆའི་ཁང་མིག་5དང་ཉལ་ཁྲི་8བར་མང་དུ་སོང་ཡོད། “ན་ནིང་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་དབང་གིས་ལས་གཉེར་ཟླ་བ་4ལས་བྱེད་ཐུབ་མེད་པས་ཡོང་འབབ་སྒོར་ཁྲི་2.5ལས་མ་བྱུང་། ད་ལོ་ཟླ་བ་གཉིས་མ་སོང་བར་ཡོང་འབབ་སྒོར་8000ལྷག་ཙམ་བྱུང”དེར་ཞག་སྡོད་བྱེད་ཆོག་པ་ཕུད། རིག་འཛིན་པད་མས་བོད་ཆས་ཉོས་ཡོད་པས་སྐུ་མགྲོན་ཚོས་པར་རྒྱག་ཆོག་གི་ཡོད། ཁོང་གིས“སྐུ་མགྲོན་ཚོ་འདིར་དགོང་མོ་གཅིག་བསྡད་ན་ཉལ་ཁྲི་རེར་སྒོར་50ཡིན་པ་དང་བོད་ཆས་ཐེངས་གཅིག་གཡར་ན་སྒོར་20བྱེད་ཀྱི་ཡོད། ང་ཚོས་ཞབས་ཞུ་དང་གཙང་སྦྲ་ཡག་པོ་བྱས་ན་ཚོང་ཉིན་བཞིན་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད།

    “འཁྲབ་སྟོན་ཐེངས་གཅིག་མང་བ་བྱས་ན་ཡོང་འབབ་ཀྱང་དུས་མཚུངས་མང་དུ་འགྲོ་སྲིད”

    བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ“རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ཁྲིད་སྦྱོང་རྟེན་གཞི”ཞེས་འཁོད་པའི་ཡིག་ཆེན་ཁ་ཤས་ལ་མི་རྣམས་ཀྱིས་དོ་སྣང་བྱེད་དགོས་པ་ཞིག་ཡོད། སྡེ་ཁུལ་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཉི་མ་ཚེ་རིང་ནི་གནའ་བོའི་སྒྱུ་རྩལ་དེའི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད།

    ཉི་མ་ཚེ་རིང་གིས་ལོ་16ནས་ལྷ་མོ་སྦྱངས་ཏེ་རུ་ཁག་གི་སྣེ་འཁྲིད་དེ་འཁྲབ་སྟོན་བྱས་པའི་བར་དང་། ད་ཆ་ཡར་ཀླུང་བཀྲ་ཤིས་ཞོལ་པར་བརྟེན་ནས་མང་ཚོགས་ཀྱི་སྣེ་འཁྲིད་དེ་ཁྱིམ་ཚང་མགྲོན་ཁང་དང་ཡུལ་སྐོར་འཕེལ་རྒྱས་བཏང་བའི་བར་ལོ་33ཙམ་སོང་ཡོད། ཁོང་གིས“བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ་དེ་སྔ་བཀྲ་ཤིས་ཞོལ་པ་གྲོང་ཚོ་ཟེར་གྱི་ཡོད། ང་ཚོ་ནི་ཡར་ཀླུང་བཀྲ་ཤིས་ཞོལ་པའི་རྒྱུན་འཛིན་པ་ཡིན”ཞེས་བཤད།

    ད་ཆ་ཡུལ་སྐོར་བར་དགོས་མཁོ་ཡོད་ན་ཉི་མ་ཚེ་རིང་གིས་ལམ་སེང་ལྷ་མོ་ཚོགས་པ་སྒྲིག་འཛུགས་བྱས་ནས་བཀྲ་ཤིས་ཞོལ་པ་འཁྲབ་ཀྱི་ཡོད། ཁོང་གིས“འཁྲབ་སྟོན་ཐེངས་གཅིག་བྱས་པར་ཡོང་འབབ་སྒོར་2000ཡོད་ཀྱང་མི་28ལ་བགོ་བཤའ་རྒྱག་སྐབས་མི་རེར་ཆ་སྙོམས་སྒོར་100ཡང་ཟིན་གྱི་མེད། འོན་ཀྱང་ཚང་མས་འཁྲབ་སྟོན་ཧུར་ཐག་བྱེད་ཀྱི་ཡོད། འཁྲབ་སྟོན་ཐེངས་གཅིག་མང་བ་བྱས་ན་ཡོང་འབབ་ཀྱང་དུས་མཚུངས་མང་དུ་འགྲོ་སྲིད”ཅེས་བཤད།

    ཉི་མ་ཚེ་རིང་གིས་ཚང་མའི་སྣེ་འཁྲིད་དེ་འཁྲབ་སྟོན་རྩེ་གྲ་བྱས་ཏེ་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ཉམས་བཟང་མངོན་པར་བྱེད་ཀྱི་ཡོད། ཁོང་གིས“ན་ནིང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་3000བཏང་བ་དང་། ཁ་གཏད་བོད་སྐྱོར་བྱེད་མཁན་ཧུའུ་པེ་ཞིང་ཆེན་གྱིས་མ་དངུལ་སྒོར་ཁྲི་2000བཏང་ནས་ཡུལ་སྐོར་ཞབས་ཞུའི་སྒྲིག་ཆས་ལེགས་སུ་བཏང་ཡོད། སྡེ་ཁུལ་གྱི་དུད་ཚང་56གི་མང་ཚོགས་སྒྲིག་འཛུགས་བྱས་ནས་ཁྱིམ་ཚང་མགྲོན་ཁང་གཉེར་ཡོད་པས། ལོ་རེར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་རག་པར་ཁྲིད་སྟོན་ཐུབ་ཡོད”ཅེས་བཤད།

    ཁྱིམ་ཚང་མགྲོན་ཁང་ལས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་ཡོད་ལ་ད་དུང་སྡེ་ཁུལ་གྱི་མིང་གྲགས་ཀྱང་ཆེ་རུ་སོང་ཡོད། ན་ནིང་ཟླ་9པར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོར་གཏན་འཁེལ་བྱས་རྗེས་སྣེ་གདོང་ཆུས་ཀྱི་གྲོང་གསེབ་ཡུལ་སྐོར་ལ་སྐུལ་འདེད་གཏོང་བའི་སེམས་ཤུགས་སྔར་བས་ཆེ་རུ་སོང་ཡོད།

    “གྲོང་གསེབ་དར་རྒྱས་ཀྱི་བརྗིད་ཆེའི་རྣམ་པ་བཏོད་པ”

    གྲོང་གསེབ་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ལས་ཞིང་འབྲོག་མང་ཚོགས་ཚོས་གྲོང་གསེབ་དར་རྒྱས་ཀྱི་རེ་བ་མཐོང་ཐུབ་ཡོད་ལ་གཞི་རིམ་ལས་བྱེད་པས་རང་འཁྲིའི་ལས་འགན་ཡག་པོ་སྒྲུབ་པའི་ཡིད་ཆེས་ཀྱང་བརྟན་དུ་སོང་ཡོད། 2019ལོར་ཧྲའན་ཤིས་མཁའ་འགྲུལ་ལས་རིགས་སློབ་ཆེན་བཟོ་སྐྲུན་མ་གནས་ཆེད་ལས་ནས་ཐོན་རྗེས་པད་མ་བདེ་སྐྱིད་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པར་རྒྱུགས་འཕྲོད་ནས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་ལས་བགོས་བརྒྱབ།

    གཞི་རིམ་དུ་ལས་ཀར་སླེབས་མ་ཐག་ཆེད་ལས་དང་མ་མཐུན་པ་དང་མང་ཚོགས་དང་འབྲེལ་བ་བྱེད་མཁས་པོ་མེད་པའི་པད་མ་བདེ་སྐྱིད་ཅི་བྱ་གཏོལ་བྲལ་གྱི་གནས་སུ་གྱར་མོད། འོན་ཀྱང་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མང་ཚོགས་རྣམས་བསམ་ཕོད་པ་དང་བྱེད་ཕོད་པ་ཞིག་ཡོད་པས་ཁོང་ལ་ལས་ཀ་བྱེད་པའི་སྒུལ་ཤུགས་དང་ཡིད་ཆེས་རྙེད་ཡོད།

    ན་ནིང་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1ཙམ་ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་30བྱུང་སྟེ། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཇ་ཁང་གི་སྒོར་ཁྲི་22དང་ལྷ་མོ་འཁྲབ་སྟོན་གྱི་སྒོར་ཁྲི་7ལས་མང་བ་བྱུང་ཡོད།

    པད་མ་བདེ་སྐྱིད་ཀྱིས་ལྷ་མོའི་ཤེས་བྱ་ཆ་ཚང་སློབ་སྦྱོང་བྱས་ནས་འཆད་ཁྲིད་བྱེད་ཐུབ་ན་བསམས་ཀྱི་ཡོད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ“ལྷ་མོའི་གྲོང་ཚོ་དང་པོའི”ལོ་རྒྱུས་དང་རིག་གནས་གསལ་པོ་ཤོད་མཁན་གྱི་འཆད་ཁྲིད་པ་ཞིག་མེད་པའི་ངོས་འཛིན་བྱེད་པ་དང་། གཞན་ཡང་པད་མ་བདེ་སྐྱིད་ཀྱིས་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་བར་ཁྱིམ་ཚང་མི་རེ་ངོ་རེ་ཚང་མ་དེའི་ནང་ཞུགས་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོང་གིས“ང་ཚོའི་སྡེ་ཁུལ་དུ་དུད་ཚང་129དང་མི་513ཡོད། ངལ་རྩོལ་ནུས་ཤུགས་ལྡན་པའི་མི་267ཡོད་པ་དེས་ཕྱེད་ཀ་ལྷག་ཙམ་ཟིན་གྱི་ཡོད། གལ་ཏེ་ཁྱིམ་ཚང་རེ་ནས་མི་རེ་ཁྱིམ་ཚང་མགྲོན་ཁང་གི་གཉེར་སྐྱོང་ནང་ཞུགས་ན་ངལ་རྩོལ་ནུས་ཤུགས་ལྡན་པ་ཚོའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།