རླབས་ཆེན་གྱི་ཁ་ཕྱོགས་བསྒྱུར་མཚམས་དང་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ།
(བདུན)ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་དམངས་སེམས་པ་ཏང་ལ་ཕྱོགས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནི་གནམ་ས་གསར་པ་གཏོད་པའི་ལོ་རྒྱུས་ཀྱི་དོན་ཆེན་ཞིག་ཡིན་ཞིང་། ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བྱུང་བ་དང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་གཏིང་ཟབ་བྱུང་ཡོད།
ཤིན་ཅང་ལྷོ་རྒྱུད་ནས་ཐེན་ཧྲན་རི་བོའི་ལྷོ་བྱང་བར་དང་། མུ་མཐའ་མེད་པའི་མྱ་ངམ་ཐང་ནས་གངས་ལྗོངས་ས་མཐོའི་བར་ཚང་མར་ཏང་གི་འོད་ཟེར་འཕྲོས་ཡོད།
རླབས་ཆེན་གྱི་དུས་རབས་སུ་གནས་པ་དང་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བསུས་ནས་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་གྱུར་བའི་བར་གྱི་རླབས་ཆེའི་མཆོང་སྐྱོད་ལ་ཐུན་མོང་ཐོག་བདེན་དཔང་བྱེད་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་སེམས་སུ་རེ་བས་ཁེངས་པ། མཐའ་མཚམས་ཀྱི་ས་གཞི་ཆེན་པོར་ཕུགས་འདུན་བཅངས་ནས་དྲིན་ཚོར་དང་འབད་འབུངས་ཡར་བརྩོན་གྱི་གླུ་དབྱངས་དེ་བས་སྐད་གསང་མཐོན་པོས་ལེན་བཞིན་ཡོད།
སྐལ་བཟང་མེ་ཏོག་ཉི་མའི་ཕྱོགས་སུ་གཏད། ཡར་ཀླུང་གཙང་པོས་བདེ་སྐྱིད་གླུ་དབྱངས་བླངས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་རྒྱལ་ཁབ་ལ་ཐོབ་པའི་རླབས་ཆེན་གྱི་གྲུབ་འབྲས་ལ་སྤོབས་པ་ཆེར་སྐྱེད་མི་བྱེད་ག་ལ་སྲིད། བོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བར་སྤྲོ་བ་མི་འཕེལ་ག་ལ་སྲིད། མཁས་མཛངས་ལྡན་ལ་རླབས་ཆེན་གྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་སྤོབས་པ་ཆེན་པོ་མི་བྱེད་ག་ལ་སྲིད།
གྲང་ངར་ཆེ་བའི་དགུན་དུས་བརྒྱུད་མྱོང་མཁན་གྱིས་ཉི་མའི་དྲོ་སྐྱིད་ལྷག་པར་ཚོར། “དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི”འོད་སྟོང་འཕྲོ་བའི་ལོ་ཟླ་བརྒྱུད་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་མྱོང་ཚོར་གཏིང་ཟབ་བྱུང་ཡོད་པ་སྟེ། གུང་ཁྲན་ཏང་མེད་ཚེ་ཀྲུང་གོ་གསར་པ་མེད་ལ་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡང་མེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མེད་ཚེ་ད་ཆའི་བོད་ཀྱི་དར་རྒྱས་ཡར་ཐོན་གྱི་རྣམ་པ་གསར་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་དང་བརྟན་ལྷིང་གི་མཛེས་སྡུག་ལྡན་པའི་འཚོ་བ་ཡང་ཡོང་མི་སྲིད་པ་དེ་རེད།
“སུ་ཞིག་གིས་ང་ཚོར་ཡར་ལངས་ཡོང་རོགས་བྱས་པ་དང་སུ་ཞིག་གིས་ང་ཚོར་བཅིངས་འགྲོལ་གཏོང་རོགས་བྱས་སམ”རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་ཞིང་བྲན་ཁྲི་ཚོ་བརྒྱ་ཡར་ལངས་ཀྱིས་བདག་པོ་བྱེད་དུ་བཅུག་པ་དང་། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུའི་ཐོག་སྐྱོད་དུ་བཅུག་པ། རླབས་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་ཁམས་བདེའི་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་བཅུག་པ་བཅས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ནམ་ཡང་བློ་ལ་བརྟན་པོར་ངེས་ཡོད།
ཏང་གི་འོད་ཟེར་མཐའ་མཚམས་ཕྱོགས་སུ་འཕྲོ། མཐའ་མཚམས་མི་སེར་དམངས་སེམས་ཏང་ལ་ཕྱོགས། བོད་གསར་པའི་འཕེལ་རྒྱས་དང་ཡར་ཐོན་མཐའ་དག་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་གཞི་ནས་སྒྲུབ་ཐུབ་པ་དང་། འགྲན་ཟླ་བྲལ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་གཞི་ནས་སྒྲུབ་ཐུབ་པ། དྲོ་སྐྱིད་ལྷག་པར་ཆེ་བའི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ནང་གཞི་ནས་ལོངས་སྤྱོད་ཐུབ་པ་བཅས་རེད།
ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་དང་། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་དང་ཏང་གི་སྲོག་ཤིང་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཡོ་འགུལ་གཏོང་མི་རུང་བའི་དད་སེམས་བརྟན་པོ་དང་ཐུན་མོང་གི་འདུན་པ་ཞིག་རེད།
ལོ་བརྒྱའི་འབད་འཐབ་ཀྱི་ལམ་བུ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་སྐབས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་དེ་བས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུལ་བྱུང་གྲུབ་འབྲས་ཀྱི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གཟབ་བཞེས་གནང་བར་དྲིན་ལན་འཇལ་ངེས་རེད།
(བརྒྱད)ལོ་རྒྱུས་ཀྱི་འཁོར་ལོ་འགོག་ཐབས་མེད།
མར་ཁེ་སིས་གསུངས་དོན“སྔོན་ཐོན་གྲལ་རིམ་གྱིས་ལོག་སྤྱོད་གྲལ་རིམ་ལ་འཐབ་རྩོད་བྱས་ཚེ་གཞི་ནས་སྤྱི་ཚོགས་ཀྱི་ངོ་བོར་མཆོང་སྐྱོད་ཐུབ་སྟེ། ཐོན་སྐྱེད་ནུས་ཤུགས་དེར་ལྡན་པའི་མྱུར་ཚད་ཀྱི་ཐོག་ནས་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་ཐུབ”
སྔོན་ཐོན་གྲལ་རིམ་གྱིས་ལོག་སྤྱོད་གྲལ་རིམ་གྱི་ཚབ་བྱེད་པའི་ལོ་རྒྱུས་ཀྱི་འཁོར་ལོ་མདུན་ཕྱོགས་སུ་འཁོར་ནས་བོད་འདི་ཉིད་རྗེས་ལུས་ནས་ཡར་ཐོན་དང་མུན་ནག་ནས་འོད་ཟེར་ཕྱོགས་སུ་སྐྱོད་པའི་ཉམས་པ་མེད་པའི་ལེའུ་ཞིག་བརྩམས་ཡོད།
ལོ་ངོ་70ཡི་གོང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་འདུན་པ་དང་བསྟུན་པ། བོད་ཞི་བའི་བཅིངས་འགྲོལ་ལ་སྐུལ་འདེད་བཏང་ནས་མངོན་འགྱུར་བྱུང་བ་བཅས་ལས་མུན་ནག་དང་ལོག་སྤྱོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་མགོ་རྟིང་སློག་པའི་ཅོང་སྒྲ་གྲགས་ཡོད།
ལོ་རྒྱུས་ཀྱིས་ང་ཚོར་བློ་སྒོ་ཕྱེ་བ་སྟེ། མུན་ནག་དང་ལོག་སྤྱོད་ཕྱོགས་གཏོགས་མཐའ་དག་ལོ་རྒྱུས་ཀྱི་གར་སྟེགས་ནས་ཕྱིར་འཐེན་གཏན་ནས་བྱེད་མི་འདོད་་པར་དུས་རྟག་ཏུ་ལོ་རྒྱུས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་ལྡོག་ནས་བསྐྱོད་པ་དང་དུས་རྟག་ཏུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་རྒྱབ་འགལ་བྱེད་ཀྱི་ཡོད་པ་དེ་རེད།
དུས་ཡུན་རིང་པོའི་ནང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས“བོད་ཀྱི་གནད་དོན”ཟེར་བར་ཁ་གཡར་ནས་ཀྲུང་གོར་ཟང་ཟིང་བཟོ་བ་དང་བཀག་འགོག་བྱེད་མཚམས་འཇོག་མྱོང་མེད། ཀྲུང་གོའི་བོད་ལྗོངས་ཀྱི་ལས་དོན་ལ་ཐེ་ཇུས་བྱེད་མཚམས་མི་བཞག་པར་བོད་ཀྱི་སྤྱི་ཚོགས་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་རེ་ངན་འཆང་བཞིན་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ལྐོག་གཡོ་གཏན་ནས་དོར་མྱོང་མེད་པར་དོན་རྐྱེན་ཟམ་མི་ཆད་པར་བཟོས་ཏེ་བོད་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་དུས་བབ་བཟང་པོར་གནོད་འཚེ་གཏོང་གི་ཡོད།
མེས་རྒྱལ་ལ་རྒྱབ་གཏོད་བྱས་ནས་ཕྱི་རྒྱལ་དུ་བྲོས་བྱོལ་ལ་སོང་བའི་ལོ་བཅུ་ཕྲག་རིང་། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱི་ལག་ཆ་འཁྲུལ་མེད་ཅིག་བྱས་ནས་གཏུམ་སྤྱོད་ཀྱི་བྱེད་ཐབས་སྤྱད་དེ“བོད་རང་བཙན”ཡོང་རེ་བྱེད་པའི་འདོད་ཚུལ་མངོན་སུམ་འཛེམ་མེད་ངང་འཛིན་ནས་ཀྲུང་གོའི་མཐའ་མཚམས་ཀྱི་དམག་དཔུང་དང་མཐའ་མཚམས་ས་ཁུལ་གྱི་མི་སེར་ལ་རྒྱུན་ཆད་མེད་པར་ཟིང་ཆ་སློང་བ་ནས་བསྟུད་མར་ཟིང་སློང་གཏུམ་སྤྱོད་ཀྱི་དོན་རྐྱེན་བཟོས་པ་དང་། པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱེད་རིང་འགོག་རྐྱེན་དང་གཏོར་བཤིག་གི་བྱེད་སྤྱོད་རབ་དང་རིམ་པ་སྤེལ་བའི་བར་དང་། 《རང་སྲེག་ཕྱོགས་སྟོན་ཡི་གེ》བཀྲམ་སྟེ། བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་ལ་རང་སྲེག་བྱ་རྒྱུའི་ངན་སྐུལ་བྱས་པ་ནས་ལོ་རྒྱུས་ཀྱི་དོན་དངོས་དང་། ཁྲིམས་ཀྱི་གཞི་འཛིན་ས། མི་དམངས་ཀྱི་བསམ་འདུན་བཅས་སྣང་མེད་དུ་བཏང་སྟེ་དབུ་མའི་ལམ་ཟེར་བ་བཏོན་ནས་སྐྱེ་བོ་ཀུན་ལ་མགོ་སྐོར་གཏོང་བ་དང་། བོད་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་དུས་བབ་བཟང་པོར་གཏོར་བཤིག་དང་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་གྱི་མདུན་སྐྱོད་གོམ་སྟབས་ལ་འགོག་རྐྱེན་བཟོ་རྒྱུའི་རེ་ངན་འཆང་བའི་བར་བཅས་ནི་རྩྭ་འབུས་ཤིང་སྡོང་སྒུལ་བ་རེ་སྟོང་དང་རི་རྒྱལ་ལྷུན་པོར་སྦྲང་མའི་གཤོག་ལྕག་ཙམ་རེད།
ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་བདག་པོའི་གྲལ་རིམ་གྱི་ཁེ་ཕན་མཚོན་པའི་གྲལ་རིམ་གྱི་ངོ་བོ་ལས་དེའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཀླད་རྙིང་མཁྲེགས་བཟུང་ངང་སྲུང་སྐྱོང་བྱེད་ངེས་པ་ཉག་ཅིག་དང་གྲལ་རིམ་གྱི་འགལ་བ་འགེབས་སྲུང་གིས་ལོ་རྒྱུས་ཀྱི་རླབས་རྒྱུན་ལས་ལྡོག་སྟེ་ནུས་ཤུགས་ཡོད་རྒུ་རྩལ་སྤྲུག་བཏོན་ནས་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ལ“ངོ་བསྟོད་ཆེ་བརྗོད”དང་ནུས་ཤུགས་ཡོད་རྒུ་རྩལ་སྤྲུག་བཏོན་ནས་བོད་འཕེལ་རྒྱས་ཀྱི་འགྲོ་ལམ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་དེའི་ཆེད་འབད་འཐབ་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བྱ་གཞག་ལ་ཚུར་རྒོལ་བྱེད་ཀྱི་ཡོད། དེ་ནི་དེའི་གྲལ་རིམ་གྱི་རང་གཤིས་ལས་གཏན་འཁེལ་བྱུང་བ་ཞིག་རེད།
དོན་དངོས་ཐོག་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་དང་ངན་འབྲེལ་བྱས་ནས་དུས་ཡུན་རིང་པོའི་ནང་སྦིར་སྒྲོག་བྱེད་པའི“བོད་ཀྱི་གནད་དོན”ཟེར་བ་དང་ཐོག་མ་ནས་གནས་ལུགས་རྒྱུ་མཚན་མེད་པ་དང་ཁུངས་མེད་གཏམ་འཆལ་ཞིག་རང་རེད། བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། སྐབས་རིམ་བྱུང་གི་ཀྲུང་དབྱང་རྒྱལ་རབས་ཀྱིས་བོད་ས་གནས་ཀྱི་ལས་དོན་ལ་དོ་དམ་ནུས་ལྡན་བྱེད་མཚམས་འཇོག་མྱོང་མེད། “བོད་ཀྱི་གནད་དོན”ཟེར་བ་གཏན་ནས་མེད་པ་དང་། རྒྱལ་སྤྱིའི་ཐོག་རྒྱལ་ཁབ་དང་སྲིད་གཞུང་གཅིག་གིས་ཀྱང་བོད་རང་བཙན་ཟེར་བ་ཁས་ལེན་མྱོང་མེད། “བོད་རང་བཙན”ཟེར་བའི་གནད་དོན་དེ་ནི་ཉེ་རབས་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ཐོན་དངོས་ཤིག་རེད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ནི་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུའི་ལྐོག་གཡོ་གཤོམ་ཆེད་སྐྱེད་བསྲིང་བྱས་པའི་ལྷག་བསམ་རྣམ་དག་གི་རྒྱུག་ཁྱི་ཞིག་རེད། ཁོ་པ་ཚོའི་དབར་ངན་འབྲེལ་དང་བེད་སྤྱོད་གཏོང་རེས་བྱས་ནས“བོད་ཀྱི་གནད་དོན”ཟེར་བ་དེ་གླེང་གཞི་ཞིག་ཏུ་གྱུར་བར་བྱས་ཡོད།
ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ལོ་རྒྱུས་རྫུན་བཟོ་དང་དོན་དངོས་སྣང་མེད་དུ་བཏང་ནས་གཞི་འཛིན་ས་གང་ཡང་མེད་པའི“བོད་རང་བཙན”ཟེར་བའི་ཁུངས་ལུང་མེད་པའི་གཏམ་འཆལ་སྣ་ཚོགས་བཟོས་པ་དང་། བསྐྱར་ཟློས་ཀྱི་རྫུན་གཏམ་གྲངས་མེད་རྒྱུན་ཆད་མེད་པར་བརྗོད་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་སྔ་ས་ནས་ཁ་ཡ་བྱེད་མཁན་མེད་པར་གྱུར་ཡོད། ནུབ་ཕྱོགས་ཀྱི་དམངས་ཚོགས་ཀྱིས་ཕྱི་རོལ་ཡུལ་དང་མཐུན་པའི་རྣམ་འགྱུར་འཛིན་པ་དང་མི་དེ་བས་མང་བས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་བོད་འབྲེལ་སྲིད་ཇུས་ལ་དམའ་འབེབས་བྱེད་པར་དོགས་འདྲི་བྱེད་ཀྱི་ཡོད། བོད་དུ་སླེབས་མྱོང་བའི་ནུབ་ཕྱོགས་ཀྱི་གསར་འགོད་པ་ཞིག་གིས“མི་ལ་ལར་ཕྱི་རྒྱལ་གྱི་ཁ་ཕྲལ་ཕྱོགས་གཏོགས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་ཀྱི་ཤུགས་རྐྱེན་ཐེབས་ཏེ་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ཕྱོགས་ལྷུང་དང་འཁྱོག་བཤད་ཀྱི་ལྟ་སྟངས་ཁོ་ན་འཛིན་གྱི་ཡོད། དོན་སྙིང་དེའི་ཐོག་ནས་བོད་ཀྱི་ངོས་ནས་བརྗོད་ན་ལོ་རྒྱུས་ཐོག་འགྲན་སློང་ཆེ་ཤོས་ནི་མིས་བཟོས་པའི་འགལ་རྐྱེན་དེ་དག་ཁྱད་བསད་བྱ་རྒྱུ་དེ་ཡིན་པ་གསལ་བཤད་ཐུབ”ཅེས་བརྗོད་པ་ལྟར་རེད།
བོད་རྙིང་པ་བརྒྱུད་མྱོང་བའི་རྒན་རྒོན་ཚོས་རྒྱུན་དུ“བོད་རྙིང་པའི་དཀའ་སྡུག་ཉིན་མཚན་གསུམ་བརྗོད་ཀྱང་བརྗོད་མི་ཚར་བ”དང“ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་བསམ་པའི་ཡུལ་ལའང་འཁོར་མ་མྱོང”ཞེས་བརྗོད་ཀྱི་ཡོད། ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སྐྱེ་ཁམས་སོགས་ཁྱབ་ཁོངས་ཁག་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་གི་མྱོང་ཚོར་དངོས་བྱུང་བའི་ཁྲོད་དང་། ཏང་གི་བོད་སྐྱོང་མཛད་ཇུས་དང་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་འོད་སྟོང་འཕྲོ་བའི་ལག་ལེན་ཁྲོད་དེ་བཞིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ལོ་རྒྱུས་ཀྱི་འཁོར་ལོ་རྒྱབ་ཤིག་རྒྱག་རྒྱུའི་རེ་ངན་འཆང་བར་མཐའ་གཅིག་ཏུ་འཐབ་རྩོད་རེ་རེ་བཞིན་བྱེད་པའི་ཁྲོད་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ཆབ་སྲིད་ཐད་ཀྱི་ལོག་སྤྱོད་རང་བཞིན་དང་། ཆོས་ལུགས་ཐད་ཀྱི་གཡོ་རྫུས་རང་བཞིན། བྱ་ཐབས་ཐད་ཀྱི་མགོ་སྐོར་རང་བཞིན་བཅས་ལ་ངོས་འཛིན་གང་ལེགས་བྱུང་བ་དང་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་ཆོད་སེམས་དང་ཡིད་ཆེས་དེ་བས་བརྟན་དུ་ཕྱིན་ཡོད།
“ཁྭ་ཏས་སྐད་ངན་ཇི་ལྟར་བརྒྱབ་ན་ཡང་། རྟ་མཆོག་སྔར་བཞིན་ལེ་དབར་སྟོང་སར་བསྐྱོད”ཅེས་པའི་བོད་ཀྱི་གཏམ་དཔེ་ཞིག་ཡོད། རྒྱལ་ཁབ་གཅིག་གྱུར་དང་སྤྱི་ཚོགས་བརྟན་ལྷིང་ནི་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་རྩ་བའི་འགན་ལེན་ཞིག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་འཚོ་བའི་འགྱུར་མེད་བརྟེན་ས་ཞིག་རེད། མིག་སྔར་བོད་ཀྱི་བདེ་འཇགས་འཆམ་མཐུན་དང་དར་རྒྱས་བརྟན་ལྷིང་གི་རྣམ་པ་བཟང་པོ་དེ་ལས་སླ་པོར་བྱུང་བ་ཞིག་མིན་པ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་གསལ་པོར་ཤེས་ཀྱི་ཡོད་པས་གཅེས་སྤྲས་ལྡབ་བརྒྱ་བྱེད་ངེས་རེད། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ལྐོག་གཡོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་ཐད་བོད་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོང་བྱས་ནས་ཁ་ཕྲལ་ཕྱོགས་གཏོགས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་སུ་ཞིག་ཡིན་རུང་དེ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་ངེས་རེད།
(དགུ)ཕུགས་འདུན་གྱི་གནམ་ས་སྔར་བས་ཡངས།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་འཁྲུངས་སྐར་ལ་བསུ་བ་ཞུ་ཉེའི་མཚམས་འདིར། ང་ཚོར་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་ཀྱི་རླབས་ཆེན་རྒྱལ་ཁ་ཐོབ་ཉེར་ཡོད། ཧྲང་ཧའེ་ཧྲི་ཁུའུ་མོན་ནས་ཅ་ཞིང་ནན་ཧུའུ་མཚེའུའི་བར་གྲུ་དམར་ཆུང་ཆུང་ཞིག་གིས་མི་དམངས་ཀྱི་མངགས་བཅོལ་དང་མི་རིགས་ཀྱི་རེ་བ་ཕྲག་ཏུ་ཁུར་ཏེ་རྦ་རླབས་དྲག་ཏུ་འཕྱུར་བའི་ཉེན་ཁ་སྣ་ཚོགས་ལས་བསྒྲལ་ནས་ཀྲུང་གོ་འདི་ཉིད་བརྟན་ཐོག་རྒྱང་སྐྱོད་བྱ་རྒྱུར་སྣེ་ཁྲིད་མཁན་གྱི་གྲུ་ཆེན་ཞིག་ཏུ་གྱུར་ཡོད།
བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་ནས་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་དྲན་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ཀྱི་ལོ་རྒྱུས་འདྲེས་མཚམས་ཀྱི་བརྗིད་ཆེའི་རྒྱང་སྐྱོད་ལམ་བུར་རྒྱང་ལྟ་བྱེད་སྐབས་ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ལོ་ངོ་70ཡི་གསར་བརྗེ་དང་འཛུགས་སྐྲུན་ལ་འགོ་ཁྲིད་བྱས་ནས་ཐོབ་པའི་གྲུབ་འབྲས་ཆེན་པོ་ནི་རང་རེའི་ཏང་གི་ལོ་བརྒྱ་ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེའི་བྱས་རྗེས་ཀྱི་ཆ་ཤས་ཤིག་ཡིན་པ་ང་ཚོར་ངོས་འཛིན་དེ་བས་གསལ་ལ་གཏིང་ཟབ་པོ་བྱུང་།
དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་མདུན་ཕྱོགས་སུ་མུ་མཐུད་སྐྱོད་བཞིན་ཡོད་པས་ལོ་ངོ་70ཡི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ་ང་ཚོས་བློ་བརྟན་འགྱུར་མེད་དང་སྤོབས་སེམས་ཆེན་པོས་དེང་གི་བོད་འདི་ཉིད་ལོ་རྒྱུས་ཐོག་དར་རྒྱས་གོང་འཕེལ་གྱི་དུས་མཚམས་ཡག་ཤོས་སུ་སླེབས་པ་དང་། དེང་གི་བོད་ཀྱི་ལས་དོན་ཁག་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད་ཅེས་བརྗོད་ཆོག ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་དད་སེམས་དེ་བས་བརྟན་པ་དང་། སྟོབས་ཤུགས་དེ་བས་ཆེ་བ། མདུན་ལམ་དེ་བས་འོད་སྟོང་འཕྲོ་བ་བཅས་ཡོང་ངེས་རེད།
ལོ་རྒྱུས་ལ་དྲན་གསོ་ཡག་ཤོས་ནི་ལོ་རྒྱུས་གསར་པ་གཏོད་རྒྱུ་དེ་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་སྲོག་ཤིང་ལ་ཡིད་ཆེས་དང་། སྲོག་ཤིང་ལ་ལྷག་བསམ་རྣམ་དག སྲོག་ཤིང་ལ་གོང་བཀུར་བཅས་ཞུ་དགོས་པ་དང་། ང་ཚོས་བསམ་བློའི་སྟོབས་ཤུགས་རླབས་པོ་ཆེ་སྔར་བས་ཚོར་བར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ཀྱི་སྒོ་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། ང་ཚོས་ཏང་གི་ངོ་བོ་དང་དམིགས་ཡུལ་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཡོང་བ་བྱས་ཏེ་ཏང་འཛུགས་དུས་ཀྱི་ཀྲུང་གོའི་གུང་ཁྲན་ཏང་མིའི་འབད་འཐབ་ཀྱི་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་དང་མི་དམངས་ལ་བཅངས་པའི་ལྷག་བསམ་རྣམ་དག་ནམ་ཡང་རྒྱུན་འཁྱོངས་བྱེད་པ། ང་ཚོས་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྔར་ལས་ལྷག་པའི་སྒོ་ནས་འབད་འཐབ་ཀྱི་རླུང་གཡོར་མཐོན་པོར་སྒྲེང་བ་དང་། ནུས་ཤུགས་གང་ཡོད་འདོན་པ། ཁ་ཕྱོགས་སྟངས་འཛིན་བྱེད་པ། ངར་ཤུགས་སྒྲིམ་པ། “དོན་ཆེན་བཞིར”སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་བཟང་བ། མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་བཅས་འགན་ལེན་གྱིས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུལ་བྱུང་རྒྱུགས་ལན་ཐོག་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་དགོས།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣