འདི་ནི་ཧྥང་ཀྲི་མིན་གྱི་འདྲ་པར་ཡིན་པ། (དཔྱད་གཞིའི་འདྲ་པར)
ཧྥང་ཀྲི་མིན་1899ལོའི་ཟླ་8པར་ཅང་ཤིས་ཀོ་དབྱང་དུ་འཁྲུངས་པ་དང་1922ལོར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་ཀྱི་གཞོན་ནུ་ཚོགས་པར་ཞུགས། 1924ལོའི་ཟླ་3པར་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ལ་བསྒྱུར་བས་ཁོང་གིས་སེམས་འགུལ་ཆེན་པོ་ཐེབས་བཞིན“དེ་རིང་ནས་བཟུང་ངས་རང་ཉིད་ཀྱི་ཡོད་ཚད་དང་ཐ་ན་རང་ཉིད་ཀྱི་ཚེ་སྲོག་ཀྱང་ཏང་ལ་འབུལ་རྒྱུ་ཡིན”ཞེས་བྲིས།
གོ་མིན་ཏང་དང་གུང་ཁྲན་ཏང་མཉམ་ལས་ཐེངས་དང་པོ་བྱེད་རིང་ཧྥང་ཀྲི་མིན་གྱིས་སྔ་རྗེས་སུ་གོ་མིན་ཏང་ཅང་ཤིས་ཞིང་ཆེན་ཏང་པུའི་ལག་བསྟར་ཨུ་ཡོན་དང་ཞིང་པའི་པུའུ་ཡི་པུའུ་ཀྲང་གཅིག་ལྕོགས་དང་། ཀྲུང་གུང་ཅང་ཤིས་ཆུས་ཨུད་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། ཀྲུང་གུང་ཅང་ཤིས་ཞིང་ཨུད་ཞིང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་བཅས་ཀྱི་འགན་བཞེས། 1927ལོའི་ཟླ་3པར་ཝུའུ་ཧན་དུ་ཕེབས་ནས་ཀྲུང་ཧྭ་རྒྱལ་ཡོངས་ཞིང་པའི་མཐུན་ཚོགས་ཀྱི་གནས་སྐབས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཨུ་ཡོན་ལ་བདམས་པ་རེད།
གསར་བརྗེ་ཆེ་མོ་ཕམ་རྗེས། ཧྥང་ཀྲི་མིན་གྱིས་ཞིང་པའི་དྲག་ཆས་སྒྲིག་འཛུགས་བྱས་ཏེ་དྲག་པོའི་གྱེན་ལོག་གི་གྲ་སྒྲིག་བྱས་པ་མ་ཟད། ཧྲའོ་ཧྲི་ཕིང་དང་ཧོང་ཏའོ་སོགས་དང་མཉམ་དུ་ཅང་ཤིས་བྱང་ཤར་ཀོ་དབྱང་དང་ཧེང་ཧྥེང་ས་ཁུལ་གྱི་ཞིང་པའི་འོས་ལངས་ལ་སྒྲིག་འཛུགས་སྣེ་ཁྲིད་བྱས་ཏེ་ཅང་ཤིས་བྱང་ཤར་གསར་བརྗེའི་གནས་གཞིའི་ཁུལ་བཙུགས་པ་དང་ཀྲུང་གོ་བཟོ་ཞིང་དམར་དམག་དཔུང་སྡེ་10པ་འཛུགས་རྒྱུར་འགོ་ཁྲིད་གནང་། 1930ལོ་ནས་བཟུང་སྔ་རྗེས་སུ་ཅང་ཤིས་བྱང་ཤར་དང་ཧྥུའུ་ཅན་དང་། ཀྲེ་ཅང་། ཅང་ཤིས་ཞིང་ཆེན་གྱི་སུའུ་ཝེ་ཨེད་སྲིད་གཞུང་གི་ཀྲུའུ་ཞི་དང་། དམར་དམག་དཔུང་སྡེ་10པའི་ཆབ་སྲིད་ཨུ་ཡོན། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་གི་ལག་བསྟར་ཨུ་ཡོན། ཀྲུང་གུང་ཧྥུའུ་ཅན་དང་། ཀྲེ་ཅང་། ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།
1934ལོའི་ཟླ་11པའི་ཟླ་མཇུག་ཏུ་ཧྥང་ཀྲི་མིན་གྱིས་བཀའ་ལྟར་དམར་དམག་བྱང་སྐྱོད་རི་འགོག་སྔོན་སྐྱོད་དམག་དཔུང་གི་སྣེ་ཁྲིད་དེ་བྱང་ཕྱོགས་སུ་བསྐྱོད་པ་དང་། དམར་དམག་དཔུང་སྡེ་10པའི་དམག་སྲིད་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་བཞེས། ཨན་ཧུའེ་ལྷོ་རྒྱུད་དུ་གོ་མིན་ཏང་དམག་དཔུང་གི་དམག་ཤུགས་གཙོ་བོས་མཐའ་སྐོར་བཀག་སྡོམ་བྱས། ཟླ་གཉིས་ཙམ་རིང་དཀའ་སྤྱད་དམག་འཐབ་བརྒྱབ་མཐར་རང་ཉིད་ཀྱི་དམག་དཔུང་ལས་ལྡབ་7གྱིས་མང་བའི་དགྲ་དམག་གིས་བསྐོར་སྐྱིལ་བྱས། ཁོང་གིས་སྔོན་སྐྱོད་དཔུང་སྡེའི་སྣེ་ཁྲིད་དེ་ཉེན་ཁ་ལས་བསྒྲལ་ཡང་། རྗེས་ཡོང་དཔུང་སྡེ་བསུ་ཆེད་སླར་ཡང་གཡུལ་སར་ལོག་པས་དགྲ་བོའི་ལག་ཏུ་ཐེབས་ནས། 1935ལོའི་ཟླ་1པོར་ཅང་ཤིས་ཡུས་ཧྲན་ལུང་ཧྲོའུ་གྲོང་ཚོ་ནས་འཛིན་བཟུང་བྱས།
བཙོན་ཁང་ནང་དགྲ་བོས་མནར་གཅོད་དྲག་པོ་དང་མགོ་སྐོར་བསླུ་བྲིད་ཇི་ལྟར་བྱས་ཀྱང་ཧྥང་ཀྲི་མིན་གྱིས་དྲང་བདེན་གྱི་དོན་དུ་དཔའ་ངར་ཞུམ་མེད་ཀྱིས་གཉའ་སྒུར་མེད། དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་ཧྥང་ཀྲི་མིན་གྱིས་སེམས་ཤུགས་ཡོད་ཚད་བཏོན་ནས《གཅེས་པར་འོས་པའི་ཀྲུང་གོ》དང《དབུལ་ཕོངས》《བཙོན་ཁང་གི་དངོས་བྲིས》སོགས་བརྩམས་ཆོས་གྲགས་ཅན་མང་པོ་ཞིག་བརྩམས་པ་རེད།
1935ལོའི་ཟླ་8ཚེས་6ཉིན་ཧྥང་ཀྲི་མིན་ཅང་ཤིས་ནན་ཁྲང་དུ་དཔའ་ངར་ཆེན་པོས་སྐུ་གཤེགས། སྐབས་དེ་དུས་དགུང་ལོ་36རེད།
ཀྲུང་གོར་བསྔགས་འོས་པའི་འོད་སྟོང་འཕྲོ་བའི་མདུན་ལམ་ཞིག་ལྡན་ངེས་རེད། ད་ཆ། འོད་སྟོང་འཕྲོ་བའི་མདུན་ལམ་མངོན་འགྱུར་བྱུང་ཟིན་ལ། ཧྥང་ཀྲི་མིན་གྱི་གསུང་ཚིག་གྲགས་ཅན་དེ་ཡང་ཇི་སྲིད་བར་དུ་གནས་ནས་རྗེས་རབས་པས་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་མདུན་སྐྱོད་བྱེད་པར་སྐུལ་ལྕག་ཐེབས་བཞིན་ཡོད།