ཉེ་ཆར་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ངལ་རྩོལ་དཔེ་བཟང་བ་དང་བཟོ་བོའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ། ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ནོར་བུ་དོན་གྲུབ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་འོག རང་ལྗོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་ལ་སྔར་འབྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་ནས་སྤྱི་ཚོགས་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། དེ་ནི་ཀྲུང་གོས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་མི་རིགས་སྲིད་ཇུས་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཀྱང་ཡིན་པས། དེར་མི་རབས་ནས་མི་རབས་བར་གྱི་ངལ་རྩོལ་དཔེ་བཟང་བ་དང་། སྔོན་ཐོན་པ། མི་རིགས་ཁག་གི་ལས་བཟོ་མང་ཚོགས་བཅས་ཀྱིས་ཡར་རྒྱས་བརྩོན་ལེན་དང་མུ་མཐུད་འབད་འཐབ་བྱས་པའི་བློ་གྲོས་དང་སྟོབས་ཤུགས་འདུས་ཡོད་ཅེས་བསྟན་ཡོད།
ཚོགས་འདུའི་ཐོག ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་པའི་དད་སེམས་བརྟན་པོ་དང་ཏང་གཅེས་རྒྱལ་གཅེས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་སྟོབས་ཤུགས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་པའི་གནས་གཅེས་ལས་བཀུར་དང་དཀའ་སྤྱད་འབད་བརྩོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ། སློབ་སྦྱོང་ལ་བརྩོན་འགྲུས་དང་ལག་ལེན་བསྟར་མཁས་པོ་བྱེད་དགོས། ངལ་རྩོལ་དཔེ་བཟང་བ་དང་སྔོན་ཐོན་པས་སྤྱི་ཡོངས་ལ་ལྟ་རྟོག་དང་རྩ་བའི་གནས་ལུགས་ཤེས་པ་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ཏེ་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། རྒྱལ་ཁབ་བདེ་འཇགས་བཅས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་དུས་རབས་གསར་པར་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།