
ཟླ་5ཚེས་23ཉིན། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཆིག་སྟོང་ཙམ་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་གི་མདུན་དུ་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་དང་མེ་ཏོག་སོས་པ་ཕུལ་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བྱ་གཞག་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་ཞུས་པ་རེད། འདི་ནི་མཛད་སྒོ་སྤེལ་ཡུལ་ཡིན་པ།
སྔོ་ཞིང་དྭངས་བའི་མཁའ་དབྱིངས་སུ་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་ཐང་ཆེན་དུ་རྒྱལ་གླུ་ལྷང་ལྷང་དུ་གྲགས། ཟླ་5ཚེས་23ཉིན་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བའི་ཉིན་མོ་ཡིན་ཞིང་། བོད་ལྗོངས་ཀྱི་ལྷ་ས་དང་། ཆབ་མདོ། ཉིང་ཁྲི་སོགས་ས་གནས་ཁག་གི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་དྲན་གསོའི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཏང་དང་། མེས་རྒྱལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བཅས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་མཚོན་པར་བྱས་ཡོད།
སྔ་དྲོའི་ཆུ་ཚོད་10པར། ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་གི་མདུན་དུ་བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་ཆིག་སྟོང་ལྷག་ཙམ་གྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ། དཔའ་ངར་ཆེར་སྐྱེད་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི》འགྱུར་ཁུག་དང་བསྟུན་ནས་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་དལ་བུར་མཁའ་དབྱིངས་སུ་བསྒྲེངས། བྱེད་སྒོར་ཞུགས་པའི་མང་ཚོགས་ཚོས་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གསར་བརྗེའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས《ང་ཚོ་ནི་གུང་ཁྲན་རིང་ལུགས་ཀྱི་ཤུལ་འཛིན་པ་ཡིན》ཞེས་པ་སོགས་ཀྱི་གླུ་དབྱངས་བླངས། གུས་དམག་ཚོས་གོམ་སྟབས་བརྟན་པོ་སྤོས་ནས“གསར་བརྗེའི་སྔོན་གཤེགས་དཔའ་བོ་ནམ་ཡང་མི་ནུབ་པར་གྱུར་ཅིག”ཅེས་བྲིས་པའི་མེ་ཏོག་སི་ར་9བོད་ཞི་བས་བཅིངས་འགྲོལ་བཏང་བའི་དྲན་གསོའི་རྡོ་རིང་གི་མདུན་དུ་སྲུང་སྐྱེལ་བྱས་ཏེ་ཏང་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། དམག་ཁུལ་བཅས་དང་དེ་བཞིན་མི་དམངས་ཚོགས་པ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་སོགས་ཀྱི་མིང་ཐོག་ནས་ཕུལ་བ་རེད།
1951ལོའི་ཟླ་5ཚེས་23ཉིན། ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར《བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(“གྲོས་མཐུན་དོན་ཚན་བཅུ་བདུན”ཞེས་བསྡུ་རྒྱུ)བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་དུ་སྐྱོད་འགོ་ཚུགས་ཡོད། ལོ་ངོ་70ཡི་རིང་བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་རྒྱས། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་འཛིན་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་དེ“དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད།
ཉིན་ཤས་བསྟུད་མར་ལྷ་ས་དང་། ཆབ་མདོ། ལྷོ་ཁ། ཉིང་ཁྲི་སོགས་ས་གནས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཚོས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུས་ཡོད།
ལྷ་ས་གྲོང་ཁྱེར་དུ་ཡོད་པའི་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བསྐྱར་སྐྲུན་རྒྱས་སྐྲུན་གྱི་རྣམ་གྲངས་ཁུལ་དུ་ཀྲུང་གོ་འཛུགས་སྐྲུན་ཅུས་དང་པོའི་ལས་གྲྭ་འཛུགས་སྐྲུན་མི་སྣས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་མ་ཟད། དངོས་མཚོན་གློག་བརྙན《ཞིང་བྲན》ཞེས་པ་བལྟས་ནས་བོད་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། ཅུས་དེའི་ལས་བཟོ་གེ་ཧའོ་ཡིས“གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་མེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནི་མི་རིགས་ཁག་གི་མི་དམངས་རྣམས་དར་རྒྱས་ཡར་ཐོན་དང་བདེ་སྐྱིད་ཀྱི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་ཞིག་ཡིན་པ་ལོ་རྒྱུས་ལས་ར་སྤྲོད་ཐུབ་ཡོད། ང་ཚོས་ལས་ཡུན་དང་སྤུས་ཚད་འགན་ལེན་བྱས་ཏེ་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ཡག་པོ་བསྐྲུན་ནས་མི་དེ་བས་མང་བས་བོད་ཀྱི་ལོ་རྒྱུས་ཤེས་རྟོགས་དང་། བོད་ལ་དགའ་ཞེན། བོད་འཛུགས་སྐྲུན་བཅས་བྱེད་དུ་འཇུག་རྒྱུ་ཡིན”ཞེས་བརྗོད།
ཆབ་མདོ་གྲོང་ཁྱེར་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་67སྒྲིག་འཛུགས་བྱས་ནས་བོད་ཀྱི་སྐར་ལྔའི་དར་དམར་སྒྲེང་ཡུལ་དང་པོ་ཡིན་པའི་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོར་བསྐྱོད་དེ“གསར་བརྗེའི་ལོ་ཟླར་རྗེས་དྲན་གྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད”ཅེས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བ་དང་། དམག་སྡེ་བཅོ་བརྒྱད་པའི་དམག་སྒར་གྱི་གནའ་ཤུལ་དུ་ལྟ་སྐོར་བྱས་ནས“བཅིངས་འགྲོལ་དམག་མིས་བརྒྱུད་མྱོང་བའི་ལམ་བུར”སླར་ཡང་བསྐྱོད་པའི་རྐང་ཐང་བྱེད་སྒོ་སྤེལ་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྐམ་ཐོག་གསར་པ་ཉམས་སུ་མྱངས་ཡོད།
ཆབ་མདོ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལི་པིན་གྱིས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་མེ་མདའ་དང་པོ་སྐམ་ཐོག་གྲོང་ཚོར་བརྒྱབ་པ་དང་སྐར་ལྔའི་དར་དམར་དང་པོ་སྐམ་ཐོག་གྲོང་ཚོར་བསྒྲེངས་ཡོད། དམག་སྡེ་བཅོ་བརྒྱད་པས་སྐམ་ཐོག་ནས་ཐོན་ཏེ་ནུབ་ཕྱོགས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་མེས་རྒྱལ་ཁ་ཕྲལ་དུ་གཏོང་བའི་ལྐོག་གཡོ་ཐལ་བའི་རྡུལ་དུ་བརླགས་ནས“གྲོས་མཐུན་དོན་ཚན་བཅུ་བདུན”འཇོག་རྒྱུར་སྐུལ་འདེད་བཏང་ཡོད། “ང་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་ནི་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་དེ་བས་བརྟན་པའི་དད་སེམས་དང་བརྩེ་སེམས་ཟབ་མོར་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་མདོ་གསར་པ་ཡག་པོ་སྐྲུན་ཆེད་ཡིན”ཞེས་བརྗོད།
ལྷོ་ཁ་གྲོང་ཁྱེར་གྱིས“ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་། དད་སེམས་བརྟན་དུ་གཏོང་བ། ཏང་གི་རྗེས་སུ་འབྲང་བ”བཅས་ཀྱི་གསར་བརྗེའི་གླུ་དབྱངས་ལེན་པ་དང་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་གསར་བརྗེའི་གླུ་གཞས་འགྲན་བསྡུར་བྱས་ཤིང་། འགྲན་བསྡུར་བྱ་ཡུལ་དུ་གཟབ་མཆོར་སྤྲས་པ་དང་གྲུང་ཤ་དོད་པའི་འགྲན་ཞུགས་བདམས་ཐོན་པ་ཚོས་བརྩེ་སེམས་ཟབ་མོ་དང་སྐད་གསང་མཐོན་པོའི་གླུ་དབྱངས་ཐོག་ནས་རླབས་ཆེན་གྱི་ཏང་དང་རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་བླངས་ཡོད།
“ཏང་གི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་ཕྱིར་དྲན་བྱེད་པ་དང་བོད་གསར་རྙིང་གི་སྤྱི་ཚོགས་གཉིས་ལ་བསྡུར་བ་བྱས་ཚེ། གཞི་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ངར་ཤུགས་འཕེལ་ནས་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་སྒྲིལ་ཐུབ། བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་1951ལོའི་ལོ་35.5ནས་2019ལོའི་ལོ་71.1བར་རིང་དུ་སོང་བ་དང་ས་གནས་ཀྱི་ནད་གཞི་མང་པོ་ཞིག་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་འགོག་བཅོས་བྱས་ཡོད། སྨན་དོན་ལས་དོན་པ་ཞིག་གི་ངོས་ནས་ངས་སོ་སོའི་ལས་གནས་ལ་གཞི་ཚུགས་ཏེ་སྨན་བཅོས་ཞབས་འདེགས་དེ་བས་ལེགས་པ་ཞུས་ནས་མང་ཚོགས་ལ་དེ་བས་མང་བའི་ཐོབ་སྣང་ཡོད་པ་བྱ་རྒྱུ་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་དང་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་མཆིན་མཁྲིས་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་བྱམས་པ་བསྟན་འཛིན་གྱིས་བརྗོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ལ་སྟེང་གྲོང་ཚོར“རྒྱལ་དར་གཅིག”བརྗོད་དོན་གཙོ་བོར་བྱས་པའི་བྱེད་སྒོ་སྤེལ་ཞིང་། ཏང་ཡོན་ཚོས་ཁབ་སྐུད་རེ་རེ་སྤྱད་ནས་དམར་མདངས་བཀྲ་བའི་རྒྱལ་དར་གཅིག་མཉམ་དུ་བཙེམས་ཡོད། ཏང་ཡོན་ཚང་མས་བརྩེ་སེམས་ཟབ་མོའི་སྒོ་ནས《ཨ་མ་གཅིག་གི་བུ་མོ》ཞེས་པའི་གླུ་དབྱངས་བླངས་པ་མ་ཟད། སྤྲོ་སྣང་ལྡན་པའི་ཞབས་བྲོ་འཁྲབ་ནས་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ལ་བསྟོད་གླུ་བླངས་ཡོད།
ལ་སྟེང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་གསར་འགོད་པར“བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་ཡོད། ལ་སྟེང་གྲོང་ཚོས་ཡུལ་སྐོར་ལས་རིགས་དང་དེང་རབས་ཀྱི་ཞིང་འབྲོག་ལས་འཕེལ་རྒྱས་བཏང་བ་བརྒྱུད། 2020ལོར་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་651.07ཟིན་པ་དང་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.66ཟིན་ཡོད། ང་ཚོས་གྲོང་མི་ཚོར་སྡུག་དྲན་སྐྱིད་བསམ་དང་ཆུ་འཐུང་དུས་ཆུ་འགོ་དྲན་པ་བྱས་ཏེ་དྲིན་གང་ནས་བྱུང་བ་དང་དྲིན་སུ་ལ་འཇལ་དགོས་པ་སེམས་སུ་བརྟན་པོར་ངེས་ནས་ད་ཆའི་ལས་སླ་པོར་བྱུང་བ་ཞིག་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པའི་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།