དབུ་ཤོག>ཆེད་སྒྲིག
  • རླབས་ཆེན་གྱི་ཁ་ཕྱོགས་བསྒྱུར་མཚམས་དང་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་ཁང་།   |     སྤེལ་དུས།  2021-05-25

    (བཞི)བྱམས་བརྩེའི་ཐུགས་ཁུར་ས་མཐོའི་གང་སར་ཁྱབ།

    ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་དོད་ཤོས་དང་གོ་སྐོན་བློ་འགུག་གི་ནུས་པ་ཆེ་ཤོས་ལྡན་པའི་བསླབ་གཞི་ཞིག་རེད། རང་རེའི་ཏང་གི་ལོ་ངོ་བརྒྱ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བའི་ལོ་ངོ་བརྒྱ་དང་། དཀའ་སྤྱད་ལས་སྒྲུབ་དང་རྨང་གཞི་འདིང་བ་དང་བྱ་གཞག་བཏོད་པའི་ལོ་ངོ་བརྒྱ། འོད་སྟོང་འབར་བའི་གྲུབ་འབྲས་བཏོད་པ་དང་འབྱུང་འགྱུར་བཏོད་པའི་ལོ་ངོ་བརྒྱ་བཅས་རེད།

    ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་ལོ་ངོ་70ཡི་གསར་བརྗེ་དང་འཛུགས་སྐྲུན་ལ་འགོ་ཁྲིད་གནང་ནས་ཐོབ་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ནི་རང་རེའི་ཏང་གི་ལོ་ངོ་བརྒྱ་ཡི་འོད་སྟོང་འབར་བའི་ལོ་རྒྱུས་དང་རླབས་ཆེའི་བྱས་རྗེས་ཀྱི་ཆ་ཤས་ཤིག་རེད།

    ལོ་ངོ་70ཡི་རིང་གངས་ལྗོངས་ས་མཐོའི་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་གྱི་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་ས་ཆ་ཚང་མ་ཏང་གི་ཉི་འོད་དང་སྦྲང་ཆར་གྱིས་བསྐྱངས་པ་དང་འཕེལ་རྒྱས་དང་འགྱུར་ལྡོག་ཚང་མར་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འདུས་ཡོད།

    བློ་མཐུན་མའོ་ཙེ་ཏུང་གིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་མའོ་ཙེ་ཏུང་གི་དགོངས་པ་གསར་གཏོད་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བཅས་བྱས་པ་རེད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།

    བློ་མཐུན་ཏེང་ཞའོ་ཕིང་གིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ། སྒྱུར་བཅོས་སྒོ་དབྱེ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་རེད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་སྒྱུར་བཅོས་སྒོ་དབྱེའི་མྱུར་ལམ་ཐོག་བསྐྱོད་ཡོད།

    བློ་མཐུན་ཅང་ཙེ་མིན་གྱིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་གྲུབ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོང་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེའི་རྣམ་པ་གསར་པ་བཏོད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་21པའི་ཕྱོགས་ལ་སྐུལ་འདེད་བཏང་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་བསྐྱོད་ཡོད།

    བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཚབ་མཚོན་གཙོ་བོ་གནང་བའི་ཀྲུང་གོ་གུང་ཁྲན་ཏང་མིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་པར་བྱས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྤྱིའི་བཀོད་ཇུས་གྲུབ་པར་བྱས་ཏེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གྲུབ་འབྲས་ཐོབ་པའི་ངང་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་གནང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པར་བྱས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་པར་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད། ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་ཡོད།

    བོད་དང་རྒྱལ་ས་པེ་ཅིང་དབར་མ་གཞི་ས་ཐག་རིང་ཡང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སེམས་པ་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་དམ་པོར་འབྲེལ་ཡོད།

    ཏང་ཀྲུང་དབྱང་གི་ཐུགས་ཁུར་གཟབ་བཞེས་ལས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཕེལ་རྒྱས་དང་ཡར་ཐོན་གྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་བརྩམ་རྒྱུར་སྐུལ་ལྕག་ཐེབས་བཞིན་ཡོད།

    (ལྔ)རྒྱལ་ཁབ་ནི་ཁྱིམ་ཚང་ཆེ་ཤོས་དང་ཁྱིམ་ཚང་ནི་རྒྱལ་ཁབ་ཆུང་ཤོས་དེ་ཡིན།

    བརྗིད་ཆགས་ཉམས་ལྡན་གྱི་ཀྲུང་གོའི་ལོ་རྒྱུས་ནི་མི་རིགས་ཁག་མཉམ་འདྲེས་མཉམ་འདུས་ཀྱི་སྣ་མང་གཞི་གཅིག་ཅན་གྱི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཤིག་དང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ནི་མི་རིགས་ལྔ་བཅུ་ང་དྲུག་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་བྱེད་པའི་ལོ་རྒྱུས་ཤིག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ནི་མེས་རྒྱལ་གྱི་དྲོ་སྐྱིད་ལྡན་པའི་པང་དུ་རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ལོ་རྒྱུས་ཤིག་བཅས་རེད།

    “ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་གྲངས་ཉུང་མི་རིགས་ཁག་གི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སློབ་གསོ་བཅས་ཀྱི་འཛུགས་སྐྲུན་བྱ་གཞག་འཕེལ་རྒྱས་གཏོང་རོགས་བྱས་ཡོད”བོད་ཀྱི་ཉམས་རྒུད་དང་རྗེས་ལུས་ཀྱི་དོན་དངོས་ལ་དམིགས་ནས《གྲོས་མཐུན་དོན་ཚན་བཅུ་བདུན》འཇོག་སྐབས་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་པའི་མཛད་ཕྱོཌ་སྲིད་ཇུས་གཏན་འཁེལ་བྱས་ཡོད། བོད་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་འཕེལ་རྒྱས་བཅས་ཀྱི་གལ་ཆེའི་དུས་སྐབས་ཁག་ཏུ་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་དང་སྒྲིག་འཛུགས་རྒྱ་ཁྱབ་བྱས་ཏེ་མི་རྒྱུ་དངོས་སོགས་ཕྱོགས་གང་ཅིའི་ཐད་ནས་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྒེར་སེམས་མེད་པའི་རོགས་སྐྱོར་བྱས་པས། བོད་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཆེས་ཆེར་ཕྱིན་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད།

    ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྲུང་དབྱང་གིས་བོད་ཀྱི་དོན་དངོས་གནས་ཚུལ་ལ་གཞིགས་ནས་དམིགས་བསལ་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འཁེལ་བྱས་པ་མ་ཟད། ནང་སས་བོད་ལྗོངས་འཛུགས་སྐྲུན་ལ་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་དང་སྒྲིག་འཛུགས་ཀྱང་བྱས་པ་རེད། “ལམ་གཉིས”བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་མཚོན་བྱེད་དུ་བྱས་པའི་འགྲིམ་འགྲུལ་དང་། གློག་ཤུགས། ཞིང་འབྲོག་བཅས་ཀྱི་རྨང་གཞིའི་སྒྲིག་བཀོད་འབོར་ཆེན་ཞིག་ཆར་རྗེས་མྱུ་གུ་རྒྱས་པ་ལྟར་སྤྱོད་འགོ་ཚུགས་ཡོད། ཤིན་ཅང་གི་འབྲུ་རིགས་དང་། ཧྥུའུ་ཅན་གྱི་ཇ་ལོ། སི་ཁྲོན་གྱི་རྒྱུད་བཟང་ཕྱུགས་རིགས། ཧྲང་ཧའེ་ཡི་ཀམ་པ་ལི་སོགས་རྒྱལ་ཡོངས་ས་གནས་ཁག་གི་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་སྣ་ཚོགས་ཀྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་གང་ལེགས་བསྐངས་ཡོད།

    སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་བོད་ལ་རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་1994ལོར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག“རྒྱལ་ཡོངས་ཀྱིས་བོད་ལ་རོགས་སྐྱོར་བྱེད་པའི”མཛད་ཕྱོགས་དང“ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་ཀྱི་བོད་སྐྱོར་བྱེད་སྟངས་གཏན་འཁེལ་བྱས་ནས་བོད་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་བོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས་ཀྲུང་དབྱང་པུའུ་ཨུད་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཁ་གཏད་བོད་སྐྱོར་གྱིས་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་ཤུགས་ཆེན་བྱེད་པ་དང་། སྤྱི་ཚོགས་རྒྱ་ཁྱབ་ངང་ཞུགས་རྒྱུའི་སྐུལ་སློང་བྱས་ཏེ་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལག་ལེན་གཏིང་ཟབ་བྱས་ནས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱིས་བོད་སྐྱོར་གྱི་རྣམ་པ་གསར་པ་བཏོད་དེ་བོད་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི“ཀྲུང་གོའི་སྟོབས་ཤུགས”གཅིག་ཏུ་འགྲིལ་ཡོད།

    མཁས་མཛངས་ལྡན་པའི་ཐབས་ཇུས་དང་སྒེར་སེམས་མེད་པའི་རོགས་སྐྱོར། 1994ནས་2020ལོའི་བར་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ཁེ་ལས་བཅས་ཁག་9ལ་བགོས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་རྣམ་གྲངས་ཁག་6330ལ་རྒྱབ་སྐྱོར་བྱས་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་527བཏང་བ་དང་ཕུལ་བྱུང་ལས་བྱེད་པ་9682བོད་སྐྱོར་བྱེད་པར་འདེམས་གཏོང་བྱས་ཡོད།

    ལོ་ངོ་70ཡི་རིང་གི་རྒྱལ་ཡོངས་ཀྱི་རོགས་སྐྱོར་དང་ལོ་ངོ་70ཡི་རིང་གི་ལོ་རྒྱུས་ཀྱི་འཕོ་འགྱུར། ཀྲུང་གོའི་མངའ་ཁོངས་སུ་ཁྱབ་པའི་གཉེན་ཉེའི་འབྲེལ་བ་ཟབ་མོ་ལས་གངས་ལྗོངས་ས་མཐོར་འགྱིང་ངེར་གནས་པའི་བྱས་རྗེས་རྡོ་རིང་གིས་མི་སེམས་ལ་སྐུལ་མ་གཏོང་བ་དང་། མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ཀྱི་པང་དུ་བོད་ཀྱི་སྐལ་བཟང་མེ་ཏོག་དེ་བས་མཚར་སྡུག་ལྡན་པའི་ངང་བཞད་པར་བྱས་ཡོད།

    (དྲུག)དར་ཆ་བསྒྲེངས་ནས་ཁ་ཕྱོགས་གསལ་སྟོན་དང་གྲུ་གཡོར་བསྒྲེངས་ནས་ཁ་ལོ་བསྒྱུར།

    དེང་སྐབས་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། དེང་སྐབས་ཀྲུང་གོ་འདི་ཉིད་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། དེ་ནི་ཐོབ་པར་དཀའ་བའི་གོ་སྐབས་དང་བྱ་གཞག་འགྲུབ་པར་བྱེད་པའི་རླབས་ཆེན་གྱི་དུས་རབས་ཤིག་དང་། དེ་ནི་ཆབ་སྲིད་འཇོན་ཐང་ཆེ་བའི་གཙོ་འཛིན་མཁོ་བའི་རླབས་ཆེན་གྱི་དུས་རབས་ཤིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྤྱིར་བཏང་མིན་པའི་ཆབ་སྲིད་ཀྱི་བློ་གྲོས་དང་། ཞུམ་མེད་ཀྱི་བློ་སྟོབས་དང་གཤིས་རྒྱུད། མི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ། འགན་འཁྲི་ཁུར་སེམས་ཆེན་པོ་བཅས་ལ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་སྙིང་དབུས་ཀྱི་བརྩི་བཀུར་ཐོབ་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ངང་ཐོབ་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པ་དང་། དེ་ནི་ལོ་རྒྱུས་ཀྱི་གདམ་ག་དང་། མི་དམངས་ཀྱི་གདམ་ག དུས་རབས་ཀྱི་གདམ་ག་བཅས་ཡིན་ལ། ཏང་སེམས་ཕྱོགས་ས་དང་། དམངས་སེམས་གཏད་ས། དམངས་ཡོངས་ཀྱི་རེ་འདུན་བཅས་རེད།

    ཀྲུང་གོའི་ས་གཞི་ཆེ་མོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་པ་དང་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་པ་དེ་ནི་གཙོ་བོ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གསལ་སྟོན་དང་གྲུ་གཡོར་བསྒྲེངས་ནས་ཁ་ལོ་བསྒྱུར་བ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལས་བྱུང་བ་ཞིག་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་བཀོད་སྒྲིག་གནང་སྟེ་ཏང་གི་བོད་སྐྱོང་ཇུས་ཆེན་སྔར་ལས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ཆེད་བཟོས་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་མང་བ་ནི་སྔར་བྱུང་མྱོང་མེད་པ་ཞིག་དང་། གཏན་འཁེལ་བྱས་པའི་གལ་ཆེའི་རྣམ་གྲངས་ལས་ཕན་པ་ཐོབ་ཁྱོན་ཆེ་བ་ནི་སྔར་བྱུང་མྱོང་མེད་པ་ཞིག བོད་ཀྱི་ལས་དོན་ཁག་ལ་ཁ་ཕྱོགས་གསལ་སྟོན་དང་། ཐབས་ལམ་གསལ་སྟོན། ཐབས་ཤེས་བཏོན་པ་བཅས་ཀྱི་ཐད་སྔར་བྱུང་མྱོང་མེད་པ་ཞིག བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོར་ཐུགས་ཁུར་གཟབ་བཞེས་གནང་བ་དེ་སྔར་བྱུང་མྱོང་མེད་པ་ཞིག བོད་ལ་ཡུན་རིང་ཐག་གཅོད་བྱེད་དགོས་བསམ་ཀྱང་ཐག་གཅོད་བྱེད་མི་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་ཐུབ་པ། དེ་སྔ་སྒྲུབ་དགོས་བསམ་ཀྱང་སྒྲུབ་མ་ཐུབ་པའི་བྱ་བ་ཆེན་པོ་མང་པོ་བསྒྲུབས་ཏེ་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།

    དུས་རབས་གསར་པའི་བོད་འདི་ཉིད་ལྗོངས་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་དང་། དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས། རྫོང་དབུལ་པོ་ཡོངས་དབུལ་ཞྭ་ཕུད་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ། མི་རིགས་མཐུན་སྒྲིལ་ཉིན་བཞིན་ཟབ་ཏུ་སོང་བ། ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཉིན་བཞིན་འཚམ་མཐུན། མཐའ་མཚམས་སྲ་བརྟན་དང་བདེ་འཇགས་བཅས་བྱུང་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།