དབུ་ཤོག>ཆེད་སྒྲིག
  • བུད་མེད་ལ་བཅིངས་འགྲོལ་ཐོབ་ཆེད་ཚེ་གང་འབད་འཐབ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-24

    555796_yis_1621785600000_s.jpg

    འདི་ནི་ཤང་ཅིང་ཡུས་ཀྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ཤང་ཅིང་ཡུས་ལ་ཐོག་མར་ཤང་ཅུན་ཤན་ཟེར་ཞིང་། 1895ལོའི་ཟླ་9པར་འཁྲུངས་པ་དང་ཧུའུ་ནན་ཤུས་ཕུའུ་ནས་རེད། 1912ལོར་ཤང་ཅིང་ཡུས་ཧུའུ་ནན་ཞིང་ཆེན་གྱིས་བཙུགས་པའི་བུད་མེད་དགེ་འོས་སློབ་གྲྭ་དང་པོར་རྒྱུགས་འཕྲོད་པ་དང་ལོ་གཉིས་སོང་རྗེས་ཀྲོའུ་ནན་བུད་མེད་སློབ་གྲྭར་བསྒྱུར། འདི་གར་ཚའེ་ཁྲང་དང་ངོ་ཤེས་པ་མ་ཟད་ཁོང་བརྒྱུད་དེ་ཚའེ་ཧོ་སེན་དང་མའོ་ཙེ་ཏུང་ངོ་ཤེས།

    1919ལོར། ཤང་ཅིང་ཡུས་དམངས་གསར་སློབ་ཚོགས་ལ་ཞུགས་པ་དང་། ཟླ་12པར། ཤང་ཅིང་ཡུས་དང་ཚའེ་ཧོ་སེན་མཉམ་དུ་ཧྥ་རན་སེར་ལས་སློབ་གཉིས་བརྩོན་ལ་བསྐྱོད། ཕུགས་བསམ་དང་དད་སེམས་གཅིག་པ་ལས་ཁོང་རྣམ་གཉིས་དབར་ལ་ལས་འགྲོའི་མདུད་པ་ཐེབས་ནས་1920ལོར་ཧྥ་རན་སེའི་མོང་ཏཱ་ཉིར་གཉེན་སྒྲིག་གནང་། ཤང་ཅིང་ཡུས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་གྲགས་ཅན་ལ་སྦྱངས་པ་མཐར་ཕྱིན་གནང་བ་དང་བཟོ་པའི་ལས་འགུལ་ལག་ལེན་ལ་ཧུར་ཐག་ཞུགས་ཏེ། དྲག་སྐྱོད་དམངས་གཙོ་རིང་ལུགས་པ་ཞིག་ནས་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་ཏུ་འཚར་ལོངས་མྱུར་པོ་བྱུང་བ་དང་། བློ་ཐག་ཆོད་པོས་ཚའེ་ཧོ་སེན་གྱི་ཏང་འཛུགས་པའི་དགོངས་ཚུལ་ལ་རྒྱབ་སྐྱོར་གནང་ནས་ཏང་འཛུགས་པའི་ལས་དོན་ལ་ཧུར་ཐག་ཞུགས།

    ཤང་ཅིང་ཡུས་རྒྱལ་ནང་དུ་ལོག་རྗེས། 1922ལོར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ཁོང་གིས་ཏང་ཀྲུང་དབྱང་བུད་མེད་པུའུ་ལ་ཡིག་ཆའི་འཆར་ཟིན་བཀོད་པ་དང་བུད་མེད་ཀྱི་བཅིངས་འགྲོལ་ལས་འགུལ་རྒྱས་པར་བརྗོད་པའི་རྩོམ་ཡིག་སྤེལ་ཡོད།

    1925ལོའི་ཟླ་10པར། ཤང་ཅིང་ཡུས་མོ་སི་ཁོར་ཤར་ཕྱོགས་ངལ་རྩོལ་པའི་གུང་ཁྲན་རིང་ལུགས་སློབ་ཆེན་དུ་སློབ་སྦྱོང་གནང་བར་ཕེབས། 1927ལོར་རྒྱལ་ནང་དུ་ལོག་ནས་ཀྲུང་གུང་ཧན་ཁའུ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དྲིལ་བསྒྲགས་པུའུ་རུ་ཕྱག་ལས་གནང་། གསར་བརྗེ་ཆེ་མོ་ཕམ་རྗེས། ཁོང་རང་འགུལ་གྱིས་ཝུའུ་ཧན་དུ་བཞུགས་ནས་གསང་བའི་འཐབ་རྩོད་རྒྱུན་འཁྱོངས་གནང་།

    1928ལོའི་ཟླ་3ཚེས་20ཉིན། ངོ་ལོག་པས་རྒྱབ་གཏོད་བྱས་པར་བརྟེན་ཤང་ཅིང་ཡུས་འཛིན་བཟུང་བྱས། བཙོན་ཁང་དུ་དགྲ་བོས་གཡོ་སྒྱུ་ཁྲམ་གསུམ་སྤྱད་ཀྱང་ཁོང་གི་གསར་བརྗེའི་བློ་སྟོབས་ལ་གཡོ་འགུལ་གཏོང་ཐུབ་མེད། ཟླ་5ཚེས་1ཉིན། ཁོང་གིས་མགོ་བོ་དགྱེ་ཞིང་གོམ་ཞེང་ཆེན་པོས་ཡུས་ཅི་ལིའི་ཐང་སྡེར་ཁྲིམས་རར་བསྐྱོད་དེ་བདེན་དོན་དུ་རང་སྲོག་ཕངས་མེད་བློས་བཏང་ཞིང་། སྐབས་དེ་དུས་དགུང་ལོ་33རེད།

    ཚའེ་ཧོ་སེན་གྱིས་གནས་ཚུལ་དེ་ཐོས་རྗེས《བློ་མཐུན་ཤང་ཅིང་ཡུས་ཀྱི་རྣམ་ཐར》བྲིས།

    1939ལོར། ཡན་ཨན་དུ་གསུམ་བརྒྱད་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག མའོ་ཙེ་ཏུང་གིས་ཤང་ཅིང་ཡུས་ཀྱི་ཚེ་གང་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཁོང་གིས“གསར་བརྗེ་ཆེ་མོའི་སྐབས་སུ་རང་སྲོག་བློས་བཏང་བའི་དཔེ་བཟང་བུད་མེད་ཀྱི་གཙོ་འཛིན་དང་བུད་མེད་གུང་ཁྲན་ཏང་ཡོན་ཤང་ཅིང་ཡུས་ལ་སློབ་སྦྱོང་བྱེད་དགོས། ཁོང་གིས་བུད་མེད་ཀྱི་བཅིངས་འགྲོལ་དང་། ངལ་རྩོལ་སྤྱི་དམངས་ཀྱི་བཅིངས་འགྲོལ། གུང་ཁྲན་རིང་ལུགས་བྱ་གཞག་བཅས་ཀྱི་ཆེད་དུ་ཚེ་གང་འབད་འཐབ་གནང་ཡོད”ཅེས་གསུངས་པ་རེད།

    1996ལོའི་ཟླ་11པར། ཤང་ཅིང་ཡུས་ཀྱི་བཞུགས་གནས་རྙིང་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་གཙོ་གནད་རིག་གནས་སྲུང་སྐྱོང་ཚན་པ་ཡིན་པའི་ཁྱབ་བསྒྲགས་བྱས་པ་དང་། བློ་མཐུན་ཤང་ཅིང་ཡུས་ཀྱི་དྲན་གསོ་ཁང་ནི་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་སྤེལ་ཡུལ་གལ་ཆེན་ཞིག་ཡིན་ལ། གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ཞིག་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།