ཟླ་5ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་ནས་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཕྱིར་དྲན་དང་གྲུབ་འབྲས་རླབས་ཆེན་ངོམ་སྟོན་གྱིས་ཕྱོགས་ཡོངས་དང་། མངོན་སུམ། ཇི་མ་ཇི་བཞིན་བཅས་ནས་མི་རྣམས་ལ་སྤྱི་ཚོགས་སྤྱི་ཡོངས་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་མདུན་དུ་མངོན་པར་བྱས་ཡོད།
རྒྱབ་ཤ་དཀར་པོའི་དེབ་བཏོན་པར་རང་ལྗོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ནས། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་འབད་འབུངས་ཡར་བརྩོན། བློ་བརྟན་འགྱུར་མེད་ངང“དོན་ཆེན་བཞིར”དམ་འཛིན་ཡག་པོ། ནུས་ཤུགས་ཡོད་རྒུས“འགན་ལེན་བཞི”མངོན་འགྱུར་བཅས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་པ་དང་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་གཏོད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཝ་པ་གླིང་སྡེ་ཁུལ་གྱི་གྲོང་མི་ལོ་74ལ་སླེབས་པའི་བགྲེས་སོང་ཚེ་དབང་རྒྱལ་མཚན་གྱིས་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་སྐོར་ཐོས་མ་ཐག་འཕྲལ་དུ་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་རང་ཉིད་ལ་ཀློག་རོགས་ཞུས་ཤིང་། རྒྱབ་ཤ་དཀར་པོའི་དེབ་ཏུ། “དམངས་གཙོའི་བཅོས་སྒྱུར་ལས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བ་དང་། དབུལ་སྒྲོལ་འགག་སྒྲོལ་ལས་བོད་ཀྱི་མི་དམངས་ཀྱི་འཚོ་བའི་རྣམ་པར་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད”ཅེས་འཁོད་ཡོད་པ་ཐོས་སྐབས། ཁོང་གིས་མགོ་བོ་ལྕོག་ལྕོག་ཡང་ཡང་བྱས་ནས“རྒྱལ་ཁབ་ཀྱི་བཀའ་དྲིན་ལས་ང་ཚོ་ཝ་པ་གླིང་སྡེ་ཁུལ་ལ་ད་ཆ་ལམ་ཉམས་བཟོ་བྱས་པ་མ་ཟད། ཁྱིམ་དུ་ཆུ་དང་གློག་ཀྱང་ཁྲིད་པ་དང་ཁང་པ་ཡངས་ཤིང་དཀར་ཆ་དོད་པོ་ཡོད། ཞི་བའི་བཅིངས་འགྲོལ་མ་བཏང་གོང་། ང་ཚོས་དཀའ་ལས་ཅི་འདྲ་བརྒྱབ་རུང་འཚོ་བ་འདི་ལྟ་བུ་སྐྱེལ་རྒྱུ་སྤྲོས་བྲལ་རེད། ད་ཆ་འཚོ་བ་སྐྱིད་པོ་འདི་འདྲ་སྐྱེལ་ཐུབ་པ་ནི་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལས་བྱུང་བ་ཞིག་རེད”ཅེས་བརྗོད།
ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་སློབ་དཔྱོད་པུའི་འཆད་ཁྲིད་དགེ་རྒན་ལེང་ཉིང་ཙེ་ཡིས། ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་7འཚོགས་པ་དང་། ཚོཌ་འདུ་འཚོག་རིམ་བཞིན་བོད་ཀྱི་དོན་དངོས་གནས་ཚུལ་གཞིར་བཟུང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་འདོན་གྱི་ཡོད། མིག་སྔར་ང་ཚོའི་ལས་དོན་གྱི་གཙོ་གནད་ནི་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དམིགས་ས་དང་ཤུགས་རྒྱག་སར་མཐའ་འཁྱོངས་བརྩིས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་འཕེལ་རྒྱས་དོ་སྙོམས་པོ་མེད་པ་དང་ཆ་ཚང་པོ་མེད་པའི་གནད་དོན་ལ་དམིགས་ནས་གཅིག་གྱུར་འཆར་འགོད་ཀྱིས་ཐབས་ཇུས་བཏིང་སྟེ་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་གཏོང་དགོས། སྔོ་ཤིང་དྭངས་པའི་རི་ཆུ་དང་གངས་འཁྱག་གིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་བོད་ལྗོངས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སར་སྐྲུན་དགོས་ཞེས་བཤད་པ་རེད།