དབུ་ཤོག>ཆེད་སྒྲིག
  • རླབས་ཆེན་གྱི་ཁ་ཕྱོགས་བསྒྱུར་མཚམས་དང་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་རྩོམ་སྒྲིག་ཁང་།   |     སྤེལ་དུས།  2021-05-24

    (གཅིག)བསྐལ་བརྒྱའི་རླབས་ཆེན་བྱ་གཞག་བློ་ལ་ངེས་པ་དང་། ལོ་བརྒྱའི་ལང་ཚོ་དར་ཞིང་རྒྱས་པ། ལོ་ངོ་བདུན་ཅུའི་གཟི་བརྗིད་མཚན་སྙན་ལས་ས་མཐོར་རྣམ་པ་གསར་པ་ཞིག་བཏོད་པ།

    ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་འདི་ཉིད་ཆུང་བ་ནས་ཆེ་བའི་བར་དང་ཉམས་ཞན་ནས་སྟོབས་ཆེའི་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་ཟམ་མི་ཆད་པར་བསྐྱོད་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་གསོན་ཉམས་དོད་པོས་བཀོད་པ་དང་། ལོ་ངོ་བདུན་ཅུའི་རིང་དེ་སྔ་དཀའ་སྡུག་ཤིན་ཏུ་ཆེ་བའི་བོད་དུ་རྣམ་པ་གསར་པ་བསྐྱར་དུ་ཐོན་ཏེ་ཡར་ལངས་ནས་ཕྱུག་པོར་གྱུར་བའི་བར་དང་དེ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་རླབས་ཆེན་མཆོང་སྐྱོད་ཀྱི་དཔང་པོ་གང་ལེགས་བྱས་ཡོད།

    ལོ་ངོ་70ནི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོའི་ཁྲོད་དུས་ཡུན་ཆེས་ཐུང་ངུ་ཞིག་ཡིན་པ་དང་། ལོ་ངོ་70ཡི་རིང་བོད་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།

    ལོ་ངོ་70ཡི་རིང་། རང་རེའི་ཏང་གིས་བོད་དུ་བོད་ཞི་བས་བཅིངས་འགྲོལ་གཏོང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ལག་བསྟར་བྱེད་པ་བཅས་ཀྱི་དོན་ཆེན་5གཙོ་གནད་ཐོག་བསྒྲུབས་ཏེ་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན། དབུལ་ཕོངས་ནས་འབྱོར་ཕྱུག སྲིད་དབང་སྒེར་འཛིན་ནས་དམངས་གཙོ། སྒོ་རྒྱག་ནས་སྒོ་དབྱེ་བཅས་ཀྱི་ལོ་རྒྱུས་ཀྱི་འཕོ་འགྱུར་བྱུང་བའི་ས་མཐོའི་ས་གཞི་ཆེ་མོར་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད།

    ཞི་བས་བཅིངས་འགྲོལ་བཏང་བ་ལས་བོད་ཀྱི་ལོ་རྒྱུས་ཀྱི་ལེའུ་གསར་རྐྱང་ཞིག་རྩོམ་ཡོད། 1951ལོའི་ཟླ་5ཚེས་23ཉིན། 《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(གཤམ་དུ《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་བསྡུ་རྒྱུ)པེ་ཅིང་དུ་མིང་རྟགས་བཀོད་པ་དེ་ཐོག་ནས་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་སྟེ་གངས་ལྗོངས་ས་མཐོ་འདི་ཉིད་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ནས་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་རབས་གསར་རྐྱང་ཞིག་བཏོད་པ་མཚོན་ཡོད།

    བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མགོ་རྟིང་བསློགས་ཤིང་། 1959ལོར་དེ་སྔའི་བོད་ས་གནས་སྲིད་གཞུང་གིས《གྲོས་མཐུན་དོན་ཚན་བཅུ་བདུན》འཛེམ་བག་མེད་པར་རྩིས་མེད་དུ་བཏང་སྟེ་མེས་རྒྱལ་ལ་རྒྱབ་གཏོད་ཀྱིས་དྲག་པོའི་ངོ་ལོག་ཟིང་འཁྲུག་བསླངས་པ་དང་། ཏང་ཀྲུང་དབྱང་གིས་འཕྲལ་ཐག་ཆོད་པོས་ཇུས་ཐག་བཅད་དེ་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་གིན་བཅོས་སྒྱུར་བྱས་ནས་འཛམ་གླིང་ཐོག་གི་ས་ཁོངས་ཆེ་ཤོས་དང་དུས་ཡུན་རིང་ཤོས་ཡིན་པའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མཐའ་མ་དེ་རྩ་མེད་བཏང་བས་ཞིང་བྲན་ཁྲི་ཚོ་བརྒྱ་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་ཡོད།

    མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་བས་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་ལ་ལམ་ལུགས་ཀྱི་འགན་སྲུང་ཐུབ་ཡོད། 1965ལོའི་ཟླ་9པར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་ཚོགས་འདུ་ཐེངས་དང་པོ་ལྷ་སར་འཚོགས་ནས་བོད་རང་སྐྱོང་ལྗོངས་དང་དེ་བཞིན་མི་དམངས་སྲིད་གཞུང་དབུ་བརྙེས་པའི་ཁྱབ་བསྒྲགས་བྱས་པ་རེད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་ཁྱོན་ཡོངས་ནས་ལག་ལེན་བསྟར་བས། བོད་ཀྱི་སྤྱི་ཚོགས་ལམ་ལུགས་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད།

    སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་བ་ལས་བོད་འདི་ཉིད་འཕེལ་རྒྱས་དང་བརྟན་ལྷིང་གི་དུས་མཚམས་གསར་པར་སླེབས་ཤིང་། 1978ལོ་ནས་བཟུང་། ཀྲུང་ཧྭའི་ས་གཞི་ཆེ་མོའི་ཐོག་སྒྱུར་བཅོས་སྒོ་དབྱེའི་ལེའུ་གསར་པ་བརྩམས་ཡོད། བོད་འདི་ཉིད་ཀྱང་རྒྱལ་ཡོངས་དང་འདྲ་བར་ཟིང་བཅོས་ཡོ་བསྲང་བྱུང་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ལ“ས་ཞིང་ཁྱིམ་དུད་ལ་དབང་བ་དང་། གཉེར་སྐྱོང་རང་བདག་བྱེད་པ། ཡུན་རིང་མི་འགྱུར་བ”བཅས་དང“ཕྱུགས་རིགས་སྒེར་བདག་སྒེར་གསོ་དང་། གཉེར་སྐྱོང་རང་བདག ཡུན་རིང་མི་འགྱུར་བ”སོགས་དམིགས་བསལ་གྱི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད།

    དུས་རབས་གསར་པར་སླེབས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ཐད་ཁ་སྒྱུར་ཕྱོགས་སྟོན་དང་འཐབ་འགོད་ཇུས་འདོན་གནང་བ་ལས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གྲུབ་ནས་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་གསར་པ་ཞིག་བཏོད་ཡོད།

    (གཉིས)བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་ཧྭའི་མི་རིགས་ཁག་དང་མེས་པོ་གཅིག་པ་དང་འབྱུང་ཁུངས་གཅིག་པ་ཡིན་པ་དང་ཤ་རུས་གཅིག་ཏུ་འདྲེས་ཡོད།

    བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་བོད་རིགས་ནི་ཀྲུང་གོའི་མངའ་ཁོངས་ནང་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན་པའི་ངོས་ནས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གྲུབ་པ་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྲུང་ཧྭའི་མི་རིགས་ཁག་དང་མེས་པོ་གཅིག་པ་དང་འབྱུང་ཁུངས་གཅིག་པ་ཡིན་པ་དང་ཤ་རུས་གཅིག་ཏུ་འདྲེས་ཡོད། བོད་ས་གནས་དང་མེས་རྒྱལ་ནང་སའི་དབར་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཐད་ཐོག་མཐའ་བར་གསུམ་དུ་འབྲེལ་བ་ཆད་མྱོང་མེད།

    སྤྱི་ལོའི་དུས་རབས་7པར། བོད་དུ་བཙུགས་པའི་ཐུ་བྷོད་ས་གནས་སྲིད་དབང་གིས་ཀྲུང་གོའི་ལྷོ་ནུབ་མཐའ་མཚམས་གསར་སྤེལ་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    དུས་རབས་13པར་ཡོན་རྒྱལ་རབས་ཀྱིས་སྤྱིའི་ལམ་ལུགས་ཁང་བཙུགས་ཏེ་བོད་དུ་ཐེམ་ཐོ་གཙང་བཤེར་དང་། ས་ཚུགས་བཙུགས་པ། དཔྱ་ཁྲལ་བསྡུས་པ། དམག་དཔུང་བཅའ་སྡོད། དཔོན་རིགས་བསྐོ་གཞག་བྱས་པ་མ་ཟད། ཡོན་རྒྱལ་རབས་ཀྱི་ཉེས་ཁྲིམས་དང་ལོ་ཐོ་བརྩི་སྟངས་བོད་དུ་འགྲེམས་སྤེལ་ཡང་བྱས་ཡོད།

    མིང་རྒྱལ་རབས་ཀྱིས་ཡོན་རྒྱལ་རབས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ་མང་བསྐོས་ལམ་ལུགས་ལག་ལེན་བསྟར་ཏེ་དབུས་གཙང་དང་མདོ་ཁམས་ཀྱི“བཀོད་འདོམས་སི”དང“མངའ་ རིས་ དམག་ དམངས་ ཡོན་ ཧྲའེ་ ཧྥུ”གཉིས་བཙུགས་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ཀྱི་མངའ་ཁོངས་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་རིམ་གྱིས་གྱུར་བར་བྱས་ཡོད།

    ཆིང་རྒྱལ་རབས་ཀྱིས་1653ལོ་དང་1713ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་ལྔ་པ་སོ་སོར་ཆོ་ལོ་གནང་བ་དང་། 1751ལོར་ཆིང་རྒྱལ་རབས་ཀྱིས་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་དང་བོད་སྡོད་ཨམ་བན་གྱིས་བོད་ས་གནས་ཀྱི་ཆོས་སྲིད་ལས་དོན་ལ་ཐུན་མོང་ཐོག་དོ་དམ་བྱ་རྒྱུའི་བཀའ་བསྩལ་བ་རེད། 1793ལོར་གོར་ཁའི་བཙན་འཛུལ་ཕྱོགས་གཏོགས་མཐར་སྐྲོད་བཏང་རྗེས《གོང་མས་གཏན་ལ་ཕབ་པའི་ལུགས་སྲོལ་གསར་ཚུགས་ཀྱི་དོན་ཚན་ཉེར་དགུ་མ》སོགས་ཁྱབ་བསྒྲགས་བྱས་ནས་ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་བཅོས་སྐྱོང་ནུས་ལྡན་བྱ་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད།

    1912ལོར་ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་དང་པོ་སྟེ《ཀྲུང་ཧྭ་མིན་གོའི་གནས་སྐབས་སྡོམ་ཁྲིམས》ནང“བོད་ནི་ཀྲུང་ཧྭ་མིན་གོའི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན”ཞེས་ཁྱབ་བསྒྲགས་བྱས་པ་དང་། “རྒྱ་རིགས་དང་། མན་ཇུ་རིགས། སོག་རིགས། ཧུད་རིགས། བོད་རིགས་བཅས་མི་རིགས་ཁག་མི་གཅིག་ལྟ་བུ་ཡིན་པས་རིགས་ལྔ་སྤྱི་མཐུན་བྱེད་དགོས”ཞེས་བཏོན་ནས་སོག་བོད་ལས་དོན་ཅུས་བཙུགས་ཏེ་སོག་བོད་ལས་དོན་ལ་དོ་དམ་བྱས།

    1929ལོར་ནན་ཅིན་གོ་མིན་སྲིད་གཞུང་གིས་སོག་བོད་ཨུ་ཡོན་ལྷན་ཁང་བཙུགས་ནས་བོད་ལ་སྲིད་འཛིན་བདག་སྐྱོང་བྱས། 1940ལོར་གོ་མིན་སྲིད་གཞུང་གིས་ལྷ་སར་སོག་བོད་ཨུ་ཡོན་ལྷན་ཁང་བོད་སྡོད་དོན་གཅོད་ཁང་བཙུགས་ཏེ་ཀྲུང་དབྱང་སྲིད་གཞུང་གིས་བོད་དུ་བཙུགས་པའི་རྒྱུན་འཛུགས་ལས་ཁུངས་སུ་གྱུར།

    བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་ཐོག་རྒྱལ་ཁབ་དང་སྲིད་གཞུང་གང་རུང་ཞིག་གིས་ཀྱང་བོད་ནི“རང་བཙན་གྱི་རྒྱལ་ཁབ”ཅིག་ཡིན་པ་ཁས་བླངས་མྱོང་གཏན་ནས་མེད་པ་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་གསལ་བཤད་བྱས་ཡོད།

    《གྲོས་མཐུན་དོན་ཚན་བཅུ་བདུན》ནང་བསྟན་པ་ལྟར“བོད་མི་རིགས་ནི་ཀྲུང་གོའི་མངའ་ཁོངས་ནང་གི་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་གྲས་ཤིག་ཡིན་པ་དང་། མི་རིགས་གཞན་དག་མང་པོ་དང་འདྲ་བར་རླབས་ཆེན་མེས་རྒྱལ་གྱི་གསར་གཏོད་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་རང་ཉིད་ཀྱི་གཟི་བརྗིད་ལྡན་པའི་འགན་འཁྲི་བསྒྲུབས་ཡོད”

    (གསུམ།)དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར།

    དབྱིན་ཇིའི་དཔལ་འབྱོར་ལོ་རྒྱུས་མཁས་ཅན་ཨན་ཀེ་སི·མའེ་ཏི་སེན་གྱིས《འཛམ་གླིང་དཔལ་འབྱོར་གྱི་ལོ་ངོ་སྟོང་གི་ལོ་རྒྱུས》ཞེས་པའི་ནང་འཁོད་དོན། སྤྱི་ལོ་1000ལོ་ནས་བཟུང་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱིས་འཛམ་གླིང་གི་ལྔ་ཆ་གཅིག་ཡན་བཟུང་བ་དང་1820ལོར་32.9%ཟིན་ཡོད།

    འོན་ཀྱང་1840ལོར་ལིང་ཏིང་མཚོ་ཐོག་ཏུ་དབྱིན་ཇིའི་དམག་གྲུའི་མེ་སྒྱོགས་ཀྱི་ལྡིར་སྒྲས“གནམ་བསྐོས་གོང་མའི་རྒྱལ་ཁབ་ཆེན་པོའི”ཕུགས་འདུན་མེད་པར་གྱུར་བ་དང་རི་ཀླུང་ཐོར་ཞིག་ཏུ་སོང་སྟེ་སྡུག་བསྔལ་ཚད་མེད་མྱོང་དགོས་བྱུང་བས། དེ་ནས་བཟུང་ཀྲུང་ཧྭ་མི་རིགས་ལོ་ངོ་བརྒྱ་ཕྲག་རིང་ཕྱིར་དྲན་བྱེད་བཟོད་མི་བདེ་བའི་བརྙས་བཅོས་མྱོང་དགོས་པའི་གནས་སུ་གྱར།

    གདུག་རྩུབ་ཆེ་བའི་བཙན་འཛུལ་པའི་མདུན་དུ་ཀྲུང་ཧྭ་མི་རིགས་ཀྱིས་ཤ་ཁྲག་ལྟ་བུའི་ལྕགས་རི་རིང་པོ་བསྐྲུན་ནས་དཔའ་ངར་ཞུམ་མེད་ངང་འཐབ་རྩོད་བྱས། བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ཕྱོགས་སྐབས་བོད་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་བརྗིད་ཆེའི་ལོ་རྒྱུས་སྙན་ངག་ཅིག་བརྩམས་ཡོད།

    “ཐའེ་ཕིན་ཐེན་གོའི”ལས་འགུལ་དང་། ཕྱི་ལུགས་གཉེར་བའི་ལས་འགུལ། ས་ཁྱི་ལོའི་ལུགས་སྒྱུར། ལྕགས་ཕག་ལོའི་གསར་བརྗེ་བཅས་གཅིག་རྗེས་གཉིས་མཐུད་དུ་ལངས་མོད། འོན་ཀྱང་ཚང་མ་ཕམ་ཉེས་བྱུང་ནས་མཇུག་འགྲིལ་བ་ལས་ཀྲུང་ཧྭ་མི་རིགས་ཀྱི་ཡ་ང་བའི་ལས་དབང་གི་ཁ་ལོ་བསྒྱུར་ཐུབ་མེད།

    1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་དང་། ལོ་ངོ་28ཀྱི་དུས་ཚོད་སྤྱད་དེ་ཁ་ཐོར་ཡ་བྲལ་དང་ཉམས་ཆག་ཆེན་པོ་བྱུང་བའི་ཀྲུང་གོ་རྙིང་པ་དེ་མཐུན་སྒྲིལ་གཅིག་གྱུར་དང་མདུན་ལམ་འོད་ཟེར་ལྡན་པའི་ཀྲུང་གོ་གསར་པ་ཞིག་ཏུ་བསྒྱུར་ནས་ཀྲུང་གོ་མི་དམངས་ཀྱི་འགོ་འཁྲིད་དེ་ཡངས་ཤིང་རྒྱ་ཆེ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད།

    ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་བསྟུན་ནས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་སྟོབས་ཤུགས་བོད་ནས་མཐར་སྐྲོད་གཏོང་རྒྱུ་དང་། བོད་མི་དམངས་ལ་བཅིངས་འགྲོལ་གཏོང་རྒྱུ། མེས་རྒྱལ་སྐམ་ས་ཆེ་མོ་ཡོངས་སུ་བཅིངས་འགྲོལ་གཏོང་རྒྱུ་བཅས་ནི་ཀྲུང་གོ་གུང་ཁྲན་ཏང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་འཕྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་རེད།

    1949ལོའི་ཟླ་10ཚེས་1ཉིན། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཉིན་དེར། པཎ་ཆེན་སྐུ་ཕྲེང་བཅུ་པ་དང་། དགེ་སྟག་སྤྲུལ་སྐུ། མཁས་དབང་ཤེས་རབ་རྒྱ་མཚོ་སོགས་བོད་རིགས་ཀྱི་རྒྱལ་གཅེས་མི་སྣས་ཀྲུང་དབྱང་སྲིད་གཞུང་ལ་དྲང་བདེན་གྱི་དམག་དཔུང་བཏང་ནས་བོད་བཅིངས་འགྲོལ་གཏོང་རྒྱུའི་རེ་བ་ཞུས། རྒྱལ་སྤྱིའི་དུས་བབ་ཀྱི་རྙོག་འཛིང་ཆེ་བའི་འགྱུར་ལྡོག་དང་བོད་ས་གནས་ཀྱི་ཛ་དྲག་དུས་བབ་ལ་ཁ་གཏད་གཅོག་ཆེད། ཏང་ཀྲུང་དབྱང་དང་མའོ་ཀྲུའུ་ཞིས“བོད་དུ་དཔུང་སྐྱོད་སྔ་སྣུར་ལས་འཕྱི་མི་རུང་བའི”གལ་ཆེའི་ཐབས་ཇུས་བཏོན་གནང་བ་རེད།

    1950ལོའི་ཟླ་10པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འབྲི་ཆུ་སྒྲོལ་ཏེ་དུས་ཐུང་ནང་ཤི་རྨས་ཉུང་ཤོས་ཀྱི་ཐོག་ནས་ཆབ་མདོའི་གཡུལ་འགྱེད་བྱས་ཏེ་བོད་ལ་བཅིངས་འགྲོལ་གཏོང་བའི་ལོ་རྒྱུས་ཀྱི་འགོ་བརྩམས།

    1951ལོའི་ཟླ་5ཚེས་23ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་སྐུ་ཚབ་དང་དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྐུ་ཚབ་ཀྱིས་པེ་ཅིང་དུ《གྲོས་མཐུན་དོན་ཚན་བཅུ་བདུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས།

    དེ་ནི་ཀྲུང་གོ་མི་དམངས་བཅིངས་འགྲོལ་བྱ་གཞག་གི་གལ་ཆེའི་གྲུབ་ཆ་ཞིག་དང་། ཉེ་རབས་ཚུན་དུ་ཀྲུང་ཧྭ་མི་རིགས་ཀྱིས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་དང་། རྒྱལ་ཁབ་གཅིག་གྱུར་དང་བདག་དབང་སྲུང་སྐྱོང་བྱེད་པའི་རླབས་ཆེན་འཐབ་རྩོད་ཁྲོད་ཀྱི་དོན་ཆེན་ཞིག བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་དུས་རབས་འབྱེད་པའི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཞིག བོད་འདི་ཉིད་མུན་ནག་ནས་འོད་ཟེར་དང་། རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་འགོ་འཛུགས་ས་ཞིག་བཅས་རེད།

    བོད་ཀྱི་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེ་བ་དང་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་ཡུན་རིང་ཧམ་བཟུང་བྱས་ཏེ་དྲག་པོའི་བཙན་འཛུལ་ཐེངས་མང་བྱས་ནས་བོད་འདི་ཉིད་རང་ཉིད་ཀྱི་མི་སེར་སྤེལ་ཡུལ་དུ་འགྱུར་རྒྱུའི་རེ་ངན་བཅངས་མོད། བོད་ཞི་བས་བཅིངས་འགྲོལ་བཏང་བས་བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་རྦད་དེ་མཐར་སྐྲོད་བཏང་བ་དང་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོབ་ཐུབ་ཡོད།

    1949ལོའི་སྔ་རྗེས་སུ་ཕྱི་རྒྱལ་ཕྱོགས་གཏོགས་ཀྱི་རྒྱབ་སྐྱོར་འོག་བོད་ཀྱི་མཐོ་རིམ་ལོག་སྤྱོད་པ་ཉུང་ཤས་ཀྱིས“བོད་རང་བཙན”གྱི་བྱེད་སྤྱོད་རབ་དང་རིམ་པ་སྤེལ་ནས་བོད་འདི་ཉིད་ཀྲུང་གོ་ནས་ཁ་ཕྲལ་གཏོང་རྒྱུའི་ལྐོག་ངན་བཤམས་མོད། བོད་ཞི་བས་བཅིངས་འགྲོལ་བཏང་བས་ཁ་ཕྲལ་ཕྱོགས་གཏོགས་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་ཕོག་པ་དང་རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་ཐུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།