དབུ་ཤོག>ཆེད་སྒྲིག
  • ངས་ལྷ་ས་ནས་གླུ་ཞིག་བླངས་ཏེ་ཁྱེད་ལ་ཕུལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། པའེ་ཧྲའོ་པོ་དང་སྐལ་བཟང་རྣམ་རྒྱལ།   |     སྤེལ་དུས།  2021-05-24

    “གོམ་པ་སྤོ་ཤེས་པ་ནས་ཞབས་བྲོ་འཁྲབ་ཤེས་པ་དང་སྐད་ཆ་ཤོད་ཤེས་པ་ནས་གཞས་གཏོང་ཤེས”གླུ་ལེན་གར་འཁྲབ་ལ་མཁས་པའི་བོད་ཀྱི་མང་ཚོགས་ཀྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་མཚམས་སུ་གླུ་སྒྲར་བརྟེན་ནས་བརྩེ་དུང་མཚོན་པར་བྱས་པ་དང་ལོ་རྒྱུས་ཟིན་ཐོར་བཀོད་ཡོད། འདི་ལོ་ལོ་62ལ་སླེབས་པའི་བདེ་སྐྱིད་མེ་ཏོག་ལ“བོད་ཀྱི་བྱིའུ་ཆུང་འཇོལ་མོ”ཞེས་བརྗོད་པ་དང་། བོད་ཀྱི་སྒྲ་གདངས་མཐོ་བའི་བོད་རིགས་གཞས་མ་ཞིག་གི་ངོས་ནས་བརྗོད་ན། བགྲང་བྱ་32རིང་ཁོང་གིས་བོད་ལྗོངས་གསར་པ་དང་འཚོ་བ་གསར་པར་བསྟོད་གླུ་བགྲང་ལས་འདས་པ་ཕུལ་ཡོད། “ངའི་མི་ཚེ་ཕྱེད་ཀའི་སྒྱུ་རྩལ་གྱི་འཚོ་བ་བོད་དུ་བསྐྱལ་བ་ཡིན། གང་ལགས་ཤེ་ན། ངའི་རྩ་བ་དེ་གར་ཡོད་པས་ངའི་སེམས་ཀྱང་དེ་གར་གནས་ངེས་ཡིན”

    བདེ་སྐྱིད་མེ་ཏོག་མ་སྐྱེས་གོང་ཁོང་གི་ཕ་མ་གཉིས་པོ་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་དཔུང་ཁག་གི་ཁོངས་མི་ཞིག་གི་ངོས་ནས་སི་ཁྲོན་འབའ་ཐང་རྫོང་ནས་བོད་དུ་ཡོང་བ་རེད། “ང་བོད་ལྗོངས་ལྷོ་ཁར་སྐྱེས་པ་དང་། སྐབས་དེ་དུས་ངའི་ཨ་མ་ནི་བོད་སྐྱོད་དམག་སྡེ་བཅོ་བརྒྱད་པའི་རིག་རྩལ་ཚོགས་པའི་རིག་རྩལ་རྐང་འཛིན་པ་ཞིག་རེད། ཕ་མ་གཉིས་ཀྱང་རྒན་ཚེ་བརྟན་སྒྲོལ་མ་ལགས་དང་འབྲེལ་བ་ཧ་ཅང་ཡག་པོ་ཡོད། སྐབས་དེ་དུས་རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱི་གླུ་གཞས་འཁྲབ་སྟོན་ཞིག་ལས་ཁོང་གིས་གླུ་གཞས་ཀྱི་ཡིད་དབང་འཕྲོག་ཤུགས་ཐོག་མར་ཚོར་བ་དང་། དེ་ནས་བཟུང་གླུ་གཞས་ཀྱི་ས་བོན་བདེ་སྐྱིད་མེ་ཏོག་གི་སེམས་སུ་མྱུ་གུ་འབུད་འགོ་ཚུགས།

    ཆུང་དུས་ཀྱི་མྱོང་བར་དྲན་གསོ་བྱེད་སྐབས་བདེ་སྐྱིད་མེ་ཏོག་གིས“རྒན་ཚེ་བརྟན་སྒྲོལ་མ་ལགས་ཀྱི་ཤུགས་རྐྱེན་འོག་ང་རང་གླུ་གཞས་གཏོང་རྒྱུར་ཧ་ཅང་དགའ་བ་དང་། གླུ་གཞས་ཀྱི་ལམ་བུའི་ཐོག་འཁྲིད་བྱུང”ཞེས་སེམས་འགུལ་ཐེབས་བཞིན་བརྗོད།

    1972ལོར་བདེ་སྐྱིད་མེ་ཏོག་སི་ཁྲོན་རོལ་དབྱངས་སློབ་གླིང་ཞོར་གཏོགས་སློབ་འབྲིང་དུ་རྒྱུགས་འཕྲོད། དེ་གར་ཁོང་གིས་བརྒྱུད་རིམ་ལྡན་པའི་སྦྱོང་བརྡར་ཐེངས་དང་པོ་བྱས་ནས་མི་རིགས་ཀྱི་རོལ་དབྱངས་སྦྱངས། 1982ལོར་ཁོང་སླར་ཡང་ཧྲང་ཧའེ་རོལ་དབྱངས་སློབ་གླིང་རོལ་དབྱངས་ཚན་ཁག་ཏུ་རྒྱུགས་འཕྲོད་དེ་མི་རིགས་ཀྱི་གཞས་གཏོང་སྟངས་དང་སྒྲ་དབྱངས་མཐོ་བའི་གླུ་གཞས་གཏོང་སྟངས་ཟུང་འབྲེལ་བྱས་པ་མ་ཟད། གླུ་གཞས་གཏོང་རྩལ་ཡང་རྒྱུན་ཆད་མེད་པར་ཡག་ཏུ་ཕྱིན་ཏེ་ཕུལ་བྱུང་གི་སྦྱངས་འབྲས་ཐོག་ནས་སློབ་གྲྭ་ཐོན་པ་དང་འབྲེལ་ལས་ཀར་ཞུགས།

    “ཕྱིན་ཆད་བོད་དུ་ལོག་ནས་གླུ་གཞས་གཏོང་དགོས། དེ་ནི་རང་གི་ཕ་ཡུལ་ཡིན་པས་བོད་མི་དམངས་ཚོར་གླུ་གཞས་ལེན་པར་འགྲོ་དགོས”ཞེས་པ་ནི་པཱ་ལགས་ཀྱིས་བདེ་སྐྱིད་མེ་ཏོག་ལ་བཏོན་པའི་རེ་བ་ཡིན་ལ། དེ་ཡང་ཁོང་གིས་གླུ་གཞས་གཏོང་བའི་སྒྱུ་རྩལ་གྱི་དམ་ཚིག་ཅིག་ཏུ་གྱུར་ཡོད།

    1989ལོར་བདེ་སྐྱིད་མེ་ཏོག་གིས་དགེ་རྒན་དང་ས་གནས་དེ་གའི་རེ་བར་མ་བལྟོས་པར་བློ་ཐག་ཆོད་པོས་བོད་དུ་ལོག

    བདེ་སྐྱིད་མེ་ཏོག་གི་གླུ་སྒྲ་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་ཁྱབ་ཅིང་། 1995ལོར་ལོ་36ལ་སླེབས་པའི་བདེ་སྐྱིད་མེ་ཏོག་གཤམ་སྐྱོད་ཐེངས་དང་པོ་བྱས་པ་དང་། “སྐབས་དེར་བགྲེས་སོང་ཞིག་གིས་ང་ལ་རྣམ་ཀུན་རྒྱང་བསྒྲགས་སོགས་ནས་ཁྱེད་ཚོའི་གླུ་སྒྲ་ཐོས་མྱོང་ཡོད། ཡིན་ནའང་དེ་རིང་ཁྱེད་ཚོ་ངོ་མས་གླུ་གཞས་བཏང་བ་མཐོང་བས་དངོས་འབྲེལ་དགའ་པོ་བྱུང་ཞེས་བཤད་བྱུང”དེ་ནས་བཟུང་བདེ་སྐྱིད་མེ་ཏོག་གིས་མང་ཚོགས་ཁྲོད་གཞས་གཏོང་བར་འགྲོ་རྒྱུའི་བསམ་བློ་བརྟན་དུ་ཕྱིན་ནས་ལོ་ལྟར་གྱི“གཤམ་སྤེལ་གསུམ”དང་འཚམས་འདྲིའི་བྱེད་སྒོ་སྣ་ཚོགས་ནང་ཁོང་གཏན་ནས་ཆད་མྱོང་མེད་པ་རེད།

    གཤམ་སྐྱོད་བྱེད་པའི་ལམ་བར་དུ་བདེ་སྐྱིད་མེ་ཏོག་གིས་མང་ཚོགས་ལ་སྙན་འཇེབས་ལྡན་པའི་གླུ་གཞས་བཏང་བ་མ་ཟད། ད་དུང་ས་གནས་དེ་གའི་མི་སེར་གྱི་ས་ནས་དམངས་གཞས་ཀྱང་སྦྱངས། ཁོང་གིས“ངའི་འཁྲབ་སྟོན་བརྒྱུད་མི་དེ་བས་མང་བས་བོད་ཀྱི་མང་ཚོགས་ཀྱི་སྐད་སྒྲ་ཐོས་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།

    བདེ་སྐྱིད་མེ་ཏོག་གིས་ཚང་མས་དགའ་པོ་བྱེད་པའི་གླུ་གཞས་མང་དག་ཅིག་བཏང་ཡོད་དེ། 《མཁའ་དབྱིངས་ཀྱི་བོད་ལྗོངས》དང་། 《འདི་ནི་མེས་རྒྱལ་གྱི་ས་མཐོ་ཡིན》 《ཁོང་གངས་རིའི་འདབས་ནས་ཕེབས》སོགས་གླུ་གཞས་ཚང་མའི་ནང་ཁོང་གིས་བོད་ལ་བཅངས་པའི་བརྩེ་སེམས་འདུས་ཡོད། ཁོང་གིས“སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པས་ངས་གླུ་གཞས་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་། མཛེས་སྡུག་ལྡན་པའི་བོད་གསར་པ་མཚོན་པར་བྱ་རྒྱུའི་རེ་བ་ཡོད”ཅེས་བརྗོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། བོད་ཀྱི་རོལ་དབྱངས་གསར་རྩོམ་དང་། འཁྲབ་སྟོན་སྤེལ་རེས། སློབ་གསོ། ཤེས་ལྡན་མི་སྣ་གསོ་སྐྱོང་། སྒྲིག་གཞི་འཛུགས་སྐྱོང་། ཞིབ་འཇུག་སོགས་ཁྱབ་ཁོངས་སུ་ཡར་རྒྱས་དང་འཕེལ་རྒྱས་མྱུར་པོ་བྱུང་ཡོད།

    བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་རིག་རྩལ་པུའི་དེ་སྔའི་ཀྲུའུ་རེན། བོད་ལྗོངས་སྒྲ་བརྙན་དཔེ་སྐྲུན་ཁང་གི་དེ་སྔའི་ཧྲེ་ཀྲང་ཕུན་ཚོགས་མཁྱེན་རབ་ཀྱིས། བོད་ལ་རོལ་དབྱངས་ཀྱི་གཞི་རྒྱུ་དང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་བ་ནས་བཟུང་། བོད་ཀྱི་རོལ་དབྱངས་དང་དུས་རབས་ཀྱི་འཕེལ་རྒྱས་དབར་འབྲེལ་བ་དམ་ཟབ་ཡོད་དེ། ཞི་བས་བཅིངས་འགྲོལ་བཏང་བའི་དུས་སྐབས་ཀྱི《ཚང་མས་རྟེན་འབྲེལ་ཞུ་བ》དང་། 《ཨེར་ལའང་རི་བོར་གླུ་ཞིག་ལེན》 《བཅིངས་འགྲོལ་དམག་མི་ཡག་པོ་འདུག》 《བོད་རིགས་སྤུན་ཟླས་བཅིངས་འགྲོལ་དམག་ལ་གླུ་ཞིག་ཕུལ》བཅས་ནས་སྒྱུར་བཅོས་སྒོ་དབྱེའི་ལོ་རབས་ཀྱི《གཅེས་པའི་ཕ་ཡུལ》དང་། 《ཨ་རོག་ཁམས་པ》 《འཕུར་མཆོང་གི་ལྷ་ས》སོགས་རེད།

    ཉེ་བའི་ལོ་ཤས་རིང་། ནང་སའི་གསན་པ་པོ་ཚོས《མེ་འཁོར་ལ་བསྡད་ནས་ལྷ་སར་སྐྱོད་པ》དང《མཁའ་ལམ》སོགས་ཀྱི་གླུ་གཞས་བརྒྱུད། བོད་ལྗོངས་ལ་ཤེས་རྟོགས་དང་བོད་དུ་ཡོང་རེ་བྱེད་ཀྱི་ཡོད་པས་རིག་གནས་སྤེལ་རེས་དང་བརྒྱུད་སྤེལ་གྱི་ནུས་པ་ཡག་པོ་ཐོན་ཡོད། ཀྲུང་གོའི་གླུ་སྒྲ་སྙན་པོ་སོགས་ཀྱི་ལས་སྟེགས་བརྒྱུད་བོད་དུ་ད་དུང་བཀྲ་ཤིས་ཕུན་ཚོགས་སོགས་བོད་ཀྱི་གཞས་པ་ཁག་གཅིག་ཐོན་པ་དེ་དག་གིས་ཕྱི་ཕྱོགས་སུ་བོད་མི་རིགས་ཀྱི་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་གང་ལེགས་མངོན་པར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།