དབུ་ཤོག>ཆེད་སྒྲིག
  • བོད་རིགས་ཁྱིམ་ཚང་ཞིག་གི“ཁྱིམ་སྲོལ་རྒྱུན་འཛིན”

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-23

    549680_yis_1621612800000_s.jpg

    འདི་ནི་བློ་ཆོས་ཀྱིས་ཇ་བསྲུབས་མ་བླུག་བཞིན་པ།

    བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཁང་གསར་གྲོང་རྡལ་དུ་ལོ་ན་དྲུག་ཅུ་ཙམ་ལ་སླེབས་པའི་གྲོང་སྡོད་ལས་བྱེད་པ་ཞིག་ཡོད། ཁོང་གིས་རང་ཉིད་ཀྱི་དངུལ་བཏང་ནས་ཁྱིམ་ཚང་དབུལ་པོར་འཚོ་བའི་མཁོ་ཆས་ཉོ་བ་དང་གྲོང་མིར་ལས་ཀ་འཚོལ་རོགས་བྱེད་པ། སེམས་ནུས་ཡོད་རྒུས་མི་སེར་གྱི་ཆེད་དུ་ལས་དོན་སྒྲུབ་ཀྱི་ཡོད།

    ཁོང་གི་མིང་ལ་བློ་ཆོས་ཟེར་ཞིང་། ཁང་གསར་གྲོང་རྡལ་དགེ་སྒོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་དང་ས་གནས་དེ་གའི་གྲོང་མིས་མཛའ་བརྩེའི་ངང་ཁོང་ལ“ཧྲུའུ་ཅི་ལགས”ཞེས་འབོད་ཀྱི་ཡོད།

    བློ་ཆོས་ཀྱིས་མི་སེར་ལ་བརྩེ་བ་ཟབ་མོ་དེ་འདྲ་འཆང་དོན་གང་ཡིན་ཞེ་ན། ཁོང་གི་པཱ་ལགས་ཀྱི་དུས་ནས་བརྗོད་དགོས་ཀྱི་ཡོད།

    བློ་ཆོས་ཀྱི་པཱ་ལགས་ཀྱི་མིང་ལ་ཕེང་ཏེ་ཡུས(བོད་མིང་ལ་བློ་གྲོས་བསྟན་པ)ཟེར་ཞིང་། བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཞིག་རེད། 1951ལོར་ལོ་16ལ་སླེབས་པའི་ཕེང་ཏེ་ཡུས་དཔུང་སྡེ་དང་མཉམ་དུ་བོད་དུ་ཡོང་ནས་ཁང་གསར་གྲོང་རྡལ་གྱི་བུ་མོ་གཡང་གཡང་དང་ངོ་ཤེས། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཕེང་ཏེ་ཡུས་ལྷོ་རོང་རྫོང་དུ་ཡོང་ནས་ལས་ཀར་ཞུགས་པ་དང་གཡང་གཡང་དང་གཉེན་སྒྲིག་བྱས།

    “པཱ་ལགས་ནི་ཏང་དང་རྒྱལ་ཁབ་ལ་ཧ་ཅང་དགའ་བའི་ཏང་ཡོན་རྒན་གྲས་ཤིག་རེད། ཁོང་གིས་རྟག་ཏུ་ང་ཚོར་ཏང་ནང་ཧུར་ཐག་ཞུགས་ནས་ཏང་ཡོན་གྱི་འོས་འགན་སྒྲུབ་པ་དང་དུས་ཐོག་ཏུ་ཏང་དངུལ་བསྐྱལ་ཏེ་བློ་གཅིག་སེམས་གཅིག་གིས་མི་སེར་གྱི་ཆེད་དུ་ལས་དོན་སྒྲུབ་དགོས་པའི་སློབ་གསོ་རྒྱག་གི་ཡོད། པཱ་ལགས་ཀྱི་སློབ་གསོའི་འོག་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་སྙིང་སྟོབས་རིམ་བཞིན་ནང་མིའི་སེམས་གཏིང་དུ་ཟུག་ནས་ང་ཚོའི་ཁྱིམ་ཚང་གི‘ཁྱིམ་སྲོལ’དུ་གྱུར་ཡོད”ཅེས་བློ་ཆོས་ཀྱིས་བཤད།

    པཱ་ལགས་ཀྱི་ཤུགས་རྐྱེན་འོག བློ་ཆོས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར་འབད་འཐབ་བྱས་ནས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་ཆེད་ངལ་བ་ཁྱད་བསད་བྱེད་ཀྱི་ཡོད།

    དགེ་སྒོ་གྲོང་ཚོའི་གྲོང་མི་ལོ་ཡག་གི་ཁྱིམ་དུ་ནང་མི་3ཡོད། བསམ་བློ་རྙིང་ཞེན་བག་འཁུམ་ཆེ་བས་ནང་མི་ཚང་མ་ས་ཞིང་མུའུ་ཁ་ཤས་ལ་བརྟེན་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད།

    “ཁོ་མོའི་བསམ་ཚུལ་ཧ་ཅང་སྟབས་བདེ་པོ་རེད། ཟ་རྒྱུ་ཡོད་པ་ཙམ་གྱིས་འགྲིག་གི་རེད། འོན་ཀྱང་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ནང་ཁོང་ཚོ་གཡུག་བཞག་ན་ག་ནས་འགྲིག”དེར་བརྟེན། བློ་ཆོས་ཀྱིས་རྟག་ཏུ་ལོ་ཡག་བཙལ་ནས་བསམ་བློའི་སློབ་གསོ་རྒྱག་གི་ཡོད་པ་དང“རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ཚེ་གཞི་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་ཐུབ”ཅེས་པའི་གནས་ལུགས་ཡང་ནས་ཡང་དུ་བཤད་པས། མཐར་ལོ་ཡག་གི་བུ་ལ་ཆབ་མདོ་གྲོང་ཁྱེར་ནས་ལས་ཀ་རག་པ་དང་ལོ་ཡག་ཀྱང་ལམ་སྐྱོང་བ་ཞིག་ཏུ་གྱུར་ནས་ཁྱིམ་ལ་ཡོང་འབབ་བརྟན་པོ་བྱུང་བས། དབུལ་ཕོངས་ཀྱི་འཚོ་བ་ལས་སྒྲོལ་ཐུབ་ཡོད།

    “ཧྲུའུ་ཅི་བློ་ཆོས་ནི་སེམས་རྩ་འཁོལ་བའི་མི་ཞིག་ཡིན་པས་དེ་སྔ་དུད་ཚང་དབུལ་པོ་ཡིན་པའི་ང་ཚོར་ལྟ་རྟོག་ཆེན་པོ་བྱེད་ཀྱི་ཡོད། ཁོང་གི་སྐུལ་ལྕག་ལས་ང་ཚོའི་ཁྱིམ་ཚང་ལ་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང”ཞེས་ལོ་ཡག་གི་སྐད་ཆ་ལས་བློ་ཆོས་ལ་བཀའ་དྲིན་སྙིང་བཅངས་བྱེད་པ་མཚོན།

    བློ་ཆོས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ཚོར་སློབ་གསོ་ཡག་པོ་རྒྱག་གི་ཡོད་ཅིང་། ཁོང་གིས་ཕྲུ་གུ་དང་ཁ་པར་རྒྱག་རིམ་བཞིན་ཁོང་ཚོར་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་དགོས་ཞེས་བརྗོད་ཀྱི་ཡོད། ད་ཆ་བུ་མོ་གཉིས་ཀ་གུང་ཁྲན་ཏང་ཡོན་རེད། “པཱ་ལགས་ཀྱིས་ང་ཚོར་ཏང་ནང་ཞུགས་དོན་ནི་མང་ཚོགས་ལ་དེ་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་ཆེད་རེད”ཅེས་བློ་ཆོས་ཀྱི་བུ་མོ་ཆེ་བ་འཕྲིན་ལས་བདེ་སྐྱིད་ཀྱིས་བཤད།

    འཕྲིན་ལས་བདེ་སྐྱིད་སློབ་ཆེན་ཐོན་རྗེས་ས་བབ་སྨི་4700ཡོད་པའི་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དུ་ལས་ཀར་བསྐྱོད། ཁོང་གིས་གསར་འགོད་པར“ངས་ཀྱང་པཱ་ལགས་དང་འདྲ་བར་ལས་ཀ་ཧུར་ཐག་བྱས་ཏེ་མང་ཚོགས་ཀྱི་བྱ་བ་ཨང་དང་པོར་འཇོག་པ་དང་ཆབས་ཅིག རང་ཉིད་ཀྱི་ཕྲུ་གུར་སློབ་གསོ་ཡག་པོ་བརྒྱབ་ནས་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་དམངས་ལ་ཞབས་འདེགས་ཞུ་བའི་ཁྱིམ་སྲོལ་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།