
འདི་ནི་ཡུན་ཏའེ་དབྱིང་གི་འདྲ་པར་ཡིན་པ།
(དཔྱད་གཞིའི་པར་རིས)
ཡུན་ཏའེ་དབྱིང་གི་ཕ་ཡུལ་ཅང་སུའུ་ཝུའུ་ཅིན་ནས་ཡིན་ཞིང་། 1895ལོར་ཧུའུ་པེའི་ཝུའུ་ཁྲང་དུ་འཁྲུངས། ཁོང་སློབ་མའི་དུས་ནས་གསར་བརྗེའི་བྱེད་སྒོར་ཧུར་ཐག་ཞུགས་པ་དང་། 1918ལོར་ཀྲུང་ཧྭ་སློབ་ཆེན(ད་ཆའི་ཧྭ་ཀྲུང་དགེ་འོས་སློབ་ཆེན)མཚན་ཉིད་རིག་པ་ཚན་ཁག་ནས་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་རང་གི་སློབ་འབྲིང་པུའི་ཀྲུའུ་རེན་གནང་བ་དང་། ཝུའུ་ཧན་ས་ཁུལ་གྱི་ལྔ་བཞི་ལས་འགུལ་གྱི་འགོ་ཁྲིད་མི་སྣ་གཙོ་བོའི་གྲས་ཤིག་རེད། ཁོང་གིས་1920ལོར་དམངས་ཕན་དེབ་ཁང་གཉེར་བ་དང་དེ་རྗེས་སླར་ཡང་མཉམ་གནས་ཁང་ཞེས་པ་གཉེར་ནས་བསམ་བློ་གསར་པ་དང་། རིག་གནས་གསར་པ། མར་ཁེ་སི་རིང་ལུགས་བཅས་བརྒྱུད་སྤེལ་གནང་། 1921ལོར་ཁོང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ཤིང་། 1923ལོར་ཧྲང་ཧའེ་སློབ་ཆེན་གྱི་དགེ་རྒན་གནང་། ལོ་དེའི་ཟླ་8པར་ཀྲུང་གོ་སྤྱི་ཚོགས་རིང་ལུགས་གཞོན་ནུ་ཚོགས་པ་ཀྲུང་དབྱང་ལག་བསྟར་ཨུ་ལྷན་གྱི་རྗེས་སྣོན་ཨུ་ཡོན་དང་དྲིལ་བསྒྲགས་པུའི་ཀྲུའུ་རེན་གནང་ནས《ཀྲུང་གོའི་གཞོན་ནུ》ཞེས་པའི་དུས་དེབ་སྲོལ་གཏོད་དང་རྩོམ་སྒྲིག་པ་གཙོ་བོ་གནང་།
1924ལོར། ཡུན་ཏའེ་དབྱིང་གུང་ཁྲན་ཏང་དང་གོ་མིན་ཏང་གི་མཉམ་ལས་ཀྱི་འཐབ་ཕྱོགས་དང་པོའི་ལས་དོན་ནང་ཞུགས་པ་དང་། 1925ལོར་ལྔ་པའི་སུམ་ཅུའི་ལས་འགུལ་ལ་འགོ་ཁྲིད་གནང་། 1926ལོའི་ཟླ་5པར། ཏང་གིས་ཧོང་ཕུའུ་དམག་སློབ་ཏུ་མངགས་ཏེ་ཆབ་སྲིད་ཀྲུའུ་རེན་སློབ་ཁྲིད་དམག་དཔོན་གྱི་འགན་བཞེས། 1927ལོའི་ཟླ་དང་པོར། ཁོང་ཝུའུ་ཧན་དུ་ཀྲུང་དབྱང་དམག་དོན་ཆབ་སྲིད་སློབ་གྲྭའི་ལས་དོན་གཙོ་སྐྱོང་གནང་བར་ཕེབས་ནས་ཆབ་སྲིད་སྤྱི་ཁྱབ་སློབ་ཁྲིད་དམག་དཔོན་གྱི་འགན་བཞེས་ཏེ་ཅང་ཅེ་ཧྲེ་དང་དབང་ཅིང་ཝུའེ་ཡིས་གསར་བརྗེར་རྒྱབ་གཏོད་བྱེད་པའི་བྱེད་སྤྱོད་ལ་འཐབ་རྩོད་མཐའ་གཅིག་ཏུ་གནང་། ཟླ་7པར། ཡུན་ཏའེ་དབྱིང་གིས་ཀྲུང་དབྱང་གི་བཀའ་ལྟར་ཅིའུ་ཅང་དུ་ཕེབས་ནས་ཀྲུང་གུང་ཀྲུང་དབྱང་འཐབ་ས་མདུན་མའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་འགན་བཞེས་ཏེ་ནན་ཁྲང་འོས་ལངས་སྒྲིག་འཛུགས་དང་སྐུལ་སློང་གནང་། ཟླ་12པར། ཁོང་ཀོང་ཀྲོའུ་འོས་ལངས་ལ་ཞུགས་པ་དང་འགོ་ཁྲིད་གནང་ཏེ་ཀོང་ཀྲོའུ་སུའུ་ཝེ་ཨེད་སྲིད་གཞུང་གི་དྲུང་ཆེའི་འགན་བཞེས།
1928ལོའི་ལོ་མཇུག་ཏུ། ཡུན་ཏའེ་དབྱིང་ཧྲང་ཧའེ་རུ་ཕེབས་ཏེ་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའི་དྲུང་ཆེ་དང་རྩ་འཛུགས་པུའི་དྲུང་ཆེ་སོགས་ཀྱི་འགན་བཞེས་པ་དང་། ཀྲུང་དབྱང་ལས་ཁུངས་ཀྱི་དུས་དེབ《དར་དམར》དུས་དེབ་ཀྱི་རྩོམ་སྒྲིག་པ་གཙོ་བོའི་འགན་བཞེས། 1929ལོའི་ཟླ་6པར། ཁོང་ཀྲུང་གུང་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཀྲུང་དབྱང་ཨུ་ཡོན་ལ་གསབ་འདེམས་བྱས།
1930ལོའི་ཟླ་5ཚེས་6ཉིན། ཡུན་ཏའེ་དབྱིང་ཧྲང་ཧའེ་རུ་གོ་མིན་ཏང་དབང་འཛིན་ལས་ཁུངས་ཀྱིས་འཛིན་བཟུང་བྱས། བཙོན་ཁང་དུ་དགྲ་བོའི་འཇིགས་སྐུལ་དང་བསླུ་ཁྲིད་འོག་ཏུའང་ཡུན་ཏའེ་དབྱིང་གིས་བློ་རྩ་བརྟན་པོས་གཉའ་གཏན་ནས་སྒུར་མེད། 1931ལོའི་ཟླ་4ཚེས་29ཉིན། ཁོང་ནན་ཅིང་དུ་དམར་གསོད་བྱས་ཤིང་། སྐབས་དེ་དུས་དགུང་ལོ་36རེད།