དབུ་ཤོག>ཆེད་སྒྲིག
  • སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་དང་། འབུར་དུ་ཐོན་པ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་མངོན་པར་བྱེད་དགོས།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-05-23

    ཟླ་5ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་ནང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་ཇི་མ་ཇི་བཞིན་དུ་བཀོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། མཛེས་མདངས་ཡུན་བརྟན་དང་། ཕན་པ་ཡུན་ཐོགས། འགྲོ་བ་ཡུན་སྐྱོང་། བྱུང་མྱོང་མེད་པ་བཅས་ཀྱི་ལོ་རྒྱུས་བྱས་རྗེས་བཏོད་པ་གསོན་ཉམས་དོད་པོར་མངོན་པར་བྱས་པ། རྩོད་ཐབས་བྲལ་བའི་དོན་དངོས་བགྲངས་ཏེ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཀྱི་ཕྱོགས་གཏོགས་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་རྫུན་གཏམ་སྣ་ཚོགས་ཀྱི་མཐིལ་བརྟོལ་ཡོད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་རྒྱུས་ཀྱི་མཚམས་ཚིགས་འདིར། གཟབ་ཅིང་ནན་པ་དང་། དོན་དངོས་དང་མཐུན་པ། དོན་ངོ་མ་བགྲང་བ། བློ་བརྟན་འགྱུར་མེད་ངང་ལངས་ཕྱོགས་གསལ་སྟོན་བཅས་ཀྱི་བསྒྲགས་ཡིག་འདི་འདྲ་ཞིག་བཏོན་པ་དེ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་དང་། འབུར་དུ་ཐོན་པ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་མངོན་པར་བྱ་རྒྱུ་དང་བོད་ཀྱི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེན་པོར་ངོས་འཛིན་ཡང་དག་བྱ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་པ་ཞིག་རེད།

    དེ་ནི་བོད་ཞི་བས་བཅིངས་འགྲོལ་གྱི་བརྗིད་ཆེའི་ལོ་རྒྱུས་འཕེལ་རིམ་ཕྱོགས་ཡོངས་དང་། དོན་དངོས་དང་མཐུན་པ། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་མཚོན་པའི་ཚད་ལྡན་ཡིག་ཆ་གལ་ཆེན་ཞིག་རེད། ལོ་ངོ་70ཡི་གོང《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་དབར་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་ མཐུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ཡོད། 

    དུས་དེ་ནས་བཟུང་། བོད་ཀྱི་མི་དམངས་ནམ་ཡང་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ཐར་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་སྐྱོད་འགོ་ཚུགས་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་བོད་རྙིང་པའི་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱིས་མིའི་རིགས་ཀྱི་ལ་རྒྱ་བཙན་ཤེད་ཀྱིས་རྡོག་རོལ་བཏང་བ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་ཚབས་ཆེན་བཏང་བ། བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་རྩ་བ་ཉིད་ནས་འགོག་རྐྱེན་བཟོས་པ། ཀྲུང་གོ་དང་འཛམ་གླིང་ཡར་རྒྱས་ཀྱི་རླབས་རྒྱུན་དང་རྦད་དེ་རྒྱབ་འགལ་བྱས་པ་བཅས་དམར་རྗེན་དུ་བསྟན་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དམངས་གཙོའི་བཅོས་སྒྱུར་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་འོད་སྟོང་འཕྲོ་བའི་འགྲོ་ལམ་ཐོག་བསྐྱོད་པ་བཅས་ཀྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དོན་དངོས་དང་མཐུན་ལ་ཇི་མ་ཇི་བཞིན་དུ་བཀོད་ཡོད། ཞི་བའི་བཅིངས་འགྲོལ་འགོ་འཛུགས་སར་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དང་འབད་འཐབ་བྱས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ཏེ། ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་བས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་རང་ཁྱིམ་རང་བདག་བྱུང་ནས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པས་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་བཏང་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཧ་ཅང་ཆེན་པོ་དང་འཕེལ་རྒྱས་ཇེ་ཆེར་བཏང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད། ལོ་རྒྱུས་དང་དོན་དངོས་ཀྱིས་རྩོད་ཐབས་བྲལ་བའི་སྒོ་ནས་ར་སྤྲོད་བྱས་པ་སྟེ། ཞི་བའི་བཅིངས་འགྲོལ་བྱུང་ནས་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་འོད་ཟེར་ལྡན་པའི་འགྲོ་ལམ་ཐོག་སྐྱོད་པའི་རྨང་གཞི་བརྟན་པོ་བཏིང་བ་དང་། དེ་ནི་བོད་འདི་ཉིད་དབུལ་ཕོངས་རྗེས་ལུས་ནས་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་སྐྱོད་པའི་རླབས་ཆེན་གྱི་ཁ་ཕྱོགས་འགྱུར་མཚམས་ཤིག་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚེ་སྲོག་གསར་པ་ཐོབ་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག ལོ་རྒྱུས་ཀྱི་ལྡོག་མེད་དང་མི་དམངས་ཀྱི་གདམ་ག་ཞིག་བཅས་རེད།

    དེ་ནི་བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་བསྒྲགས་གཏམ་ཞིག་རེད། བོད་འདི་གནའ་སྔ་མོ་ནས་བཟུང་། ཀྲུང་གོའི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞིང་། ལོ་རྒྱུས་ཀྱི་འཕེལ་རིམ་རིང་པོའི་ནང་བོད་ཀྱི་ལས་དབང་དེ་ཐོག་མཐའ་བར་གསུམ་དུ་རླབས་ཆེན་མེས་རྒྱལ་དང་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་དང་དམ་པོར་སྦྲེལ་ཡོད། ཉེ་རབས་ནས་བཟུང་། བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་ཀྱིས་ཕྱོགས་གཅིག་ནས“བོད་རང་བཙན”ཟེར་བའི་གནད་དོན་བཟོས་པ་དང་། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་བོད་ཀྱི་ལས་དོན་ལ་ཐེ་ཇུས་ཡང་ཡང་བྱས་པ། “བོད་ཀྱི་གནད་དོན”ཟེར་བར་ཁ་གཡར་ནས་ཀྲུང་གོ་ཟང་ཟིང་བཟོ་བ་དང་བཀག་འགོག་བྱེད་མཚམས་འཇོག་མྱོང་མེད་པ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ལྐོག་གཡོ་གཤོམ་མཚམས་གཏན་ནས་འཇོག་མྱོང་མེད་པར། དོན་རྐྱེན་རྒྱུན་ཆད་མེད་པར་བསླངས་ནས་བོད་ཀྱི་བརྟན་ལྷིང་མཐུན་སྒྲིལ་གྱི་རྣམ་པ་བཟང་པོར་གནོད་འཚེ་བཏང་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་ལོ་རྒྱུས་ཚད་མར་བཟུང་བ་དང་དོན་དངོས་གཞིར་བཟུང་སྟེ། “བོད་རང་བཙན”ཟེར་བའི་གནད་དོན་དེ་ནི་ཉེ་རབས་བཙན་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་བཙན་འཛུལ་བྱས་པའི་ཐོན་དངོས་ཤིག་ཡིན་པ་དང་བཙན་རྒྱལ་རིང་ལུགས་ཕྱོགས་གཏོགས་བོད་ནས་མཐར་སྐྲོད་གཏོང་རྒྱུ་ནི་ཀྲུང་གོའི་མི་དམངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པའི་ལྡོག་མེད་བླང་བྱ་ཞིག་ཡིན་པ་རིགས་པས་ཁུངས་སྐྱེལ་བྱས་ཏེ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ལྐོག་གཡོ་བཤམས་ནས་མེས་རྒྱལ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་སྤེལ་བའི་ལོག་སྤྱོད་ངོ་བོའི་མཐིལ་བརྟོལ་ནས། ཕྱི་ཕྱོགས་ལ་ཀྲུང་གོ་སྲིད་གཞུང་གི་ལངས་ཕྱོགས་དང་ལྟ་ཚུལ་ཁ་གསལ་བཏོན་པ་སྟེ། ཀྲུང་གོར་ངོ་རྒོལ་བྱེད་མཁན་ནུབ་ཕྱོགས་ཕྱོགས་གཏོགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་ལྐོག་གཡོ་དང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་དང་དེ་བཞིན། བོད་མི་དམངས་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་། རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་། ཁ་ཕྲལ་ཕྱོགས་གཏོགས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་ཕྱོགས་གཏོགས་སུ་འདྲ་ཞིག་ཡིན་རུང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་བཅས་བྱ་རྒྱུ་དེ་ཡིན། འདི་ནི་བདེན་དོན་གྱི་བསྒྲགས་གཏམ་ཞིག་རེད་ལ་དྲང་བདེན་གྱི་གསལ་བསྒྲགས་ཤིག་དེ་བས་རེད།

    དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པར་རླབས་ཆེན་གྲུབ་འབྲས་ཐོབ་པའི་གསོན་ཉམས་དོད་པའི་ཟིན་ཐོ་ཞིག་རེད། ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་ངོ་70རིང་བོད་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་འཕེལ་རྒྱས་བྱུང་བ། མི་རིགས་ཆོས་ལུགས་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་བཞིན་བརྟན་དུ་ཕྱིན་པ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་བཅས་བྱུང་ཡོད། དུས་རབས་གསར་པར་སླེབས་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་ཀྱི་ལས་དོན་ལ་ཁ་སྒྱུར་ཕྱོགས་སྟོན་དང་ཐབས་འགོད་ཇུས་འདོན་གནང་བ་དང་། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བར་བྱེད་དགོས་པའི”འཐབ་ཇུས་དགོངས་པ་བཏོན་གནང་བ། “མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་གནང་བ། སྐུ་ངོ་མས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་ཐེངས་བདུན་པ་གཙོ་སྐྱོང་གནང་བ། དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་དགོངས་པ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་གནང་བ། ཀྲུང་དབྱང་སྲིད་གཞུང་གིས་བོད་ལ་རྒྱབ་སྐྱོར་བྱེད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་འབོར་ཆེན་ཞིག་གཏན་འཁེལ་གནང་བ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་བཟོས་གནང་ཡོད། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ། བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པ། སྤྱི་ཚོགས་ཁྱོན་ཡོངས་དེ་བས་བརྟན་ལྷིང་ཡོད་པ། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས་ཆེན་པོ་བྱུང་བ། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པོ་བྱུང་བ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་སུ་གྱུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

    དབུལ་ཕོངས་རྗེས་ལུས་ནས་དར་རྒྱས་གོང་འཕེལ་དང“མི་ཡུལ་བརྗེ་སྒྱུར”ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བར་གྱི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་འོད་སྟོང་འཕྲོ་བའི་ལག་ལེན་དངོས་ལས། མེས་རྒྱལ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་བྱེད་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་རྒྱུར་རྩ་བའི་འགན་ལེན་བྱེད་ཐུབ་པ། སྒྱུར་བཅོས་སྒོ་དབྱེ་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཚེ། གཞི་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་སྐོང་ཐུབ་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བྱས་ཚེ། གཞི་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཐུབ་པ་བཅས་ར་འཕྲོད་གང་ལེགས་བྱུང་ཡོད། འདི་ནི་ལོ་རྒྱུས་ཀྱི་བསྡོམས་ཚིག་ཅིག་ཡིན་ལ་འབྱུང་འགྱུར་གསལ་སྟོན་བྱས་པ་ཞིག་ཀྱང་རེད།

    ནམ་ཡང་མི་ནུབ་མཛད་རྗེས་རྡོ་རིང་གིས། ལོ་རྒྱུས་ལམ་བུར་འོད་སྣང་རབ་ཏུ་སྦྱིན། རྒྱུན་འཛིན་འབད་འབུངས་ཡར་བརྩོན་ཧུར་ཐག་གིས། དུས་རབས་གསར་པའི་ལེའུ་གསར་བསྐྱར་དུ་རྩོམ། མིག་སྔར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏིང་གནང་བའི་བརྗིད་ཆེའི་འཆར་གཞི་ལྟར། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད། བོད་འདི་ཉིད་དེ་བས་མཐུན་སྒྲིལ་དང་། དེ་བས་འབྱོར་ཕྱུག དེ་བས་ཤེས་དཔལ། དེ་བས་ཞི་མཐུན། དེ་བས་མཛེས་སྡུག་བཅས་ལྡན་པའི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལམ་བུའི་ཐོག་སྐྱོད་ཐུབ་ངེས་ཡིན་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་ངེས་ཀྱང་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།