ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《བོད་ཞི་བས་བཅིངས་འགྲོལ་དང་དར་རྒྱས་གོང་འཕེལ》གྱི་རྒྱབ་ཤ་དཀར་པོའི་དེབ་བཏོན་པ་རེད།
རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། 1951ལོའི་ཟླ་5ཚེས་23ཉིན《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་བར་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》(《གྲོས་མཐུན་དོན་ཚན་བཅུ་བདུན》ཞེས་པར་བསྡུ་རྒྱུ)བཞག་སྟེ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་ཡོད། དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་དང་འཆིང་རྒྱ་ལས་ནམ་ཡང་ཐར་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་མཉམ་དུ་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། འཕེལ་རྒྱས་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་བུའི་ཐོག་བསྐྱོད་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ཞི་བས་བཅིངས་འགྲོལ་བཏང་བ་ནས་འགོ་ཚུགས་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་འབད་འཐབ་དང《གྲོས་མཐུན་དོན་ཚན་བཅུ་བདུན》ལག་བསྟར་བྱས་པས་རྒྱལ་ཁབ་ཀྱི་བདག་དབང་དང་། མེས་རྒྱལ་གཅིག་གྱུར། མངའ་ཁོངས་ཆ་ཚང་བཅས་སྲུང་སྐྱོང་ནུས་ལྡན་ཐུབ་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་ནས་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཐལ་བའི་རྡུལ་དུ་བརླགས་པས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་བྱུང་བ་དང་། མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་ལེན་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་པས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། སྒྱུར་བཅོས་སྒོ་དབྱེ་དང་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་ཤུགས་ཆེན་བཏང་བས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་ངོ་སྤྲོད་བྱས་དོན། དུས་རབས་གསར་པར་སླེབས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། སྤྱི་ཚོགས་ཀྱི་སྤྱི་ཡོངས་དེ་བས་བརྟན་ལྷིང་བྱུང་བ། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས་བྱུང་བ། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར་ཏེ་རྣམ་པ་གསར་རྐྱང་གི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ཡུལ་དུ་མངོན་ཡོད།
རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། མིག་སྔར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་འགོད་གཞིར་བཟུང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་འབད་འཐབ་ཧུར་ཐག་བྱེད་བཞིན་ཡོད་པས། བོད་ཀྱི་འབྱུང་འགྱུར་དེ་བས་མཚར་སྡུག་འོད་སྟོང་འཕྲོ་བ་དང་། བོད་ཀྱི་མི་དམངས་ཀྱི་འཚོ་བ་དེ་བས་མཛེས་སྡུག་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་ངེས་རེད།
(རྒྱབ་ཤ་དཀར་པོའི་དེབ་ཆ་ཚང་ལ་བསྡོམས་རྒྱ་ཡིག་ཡིག་འབྲུ་ཁྲི་2.4ཡོད་པ་དེ་ལེའུ་བཅུ་དང་དོན་ཚན་30དང་། གླེང་གཞི། མཇུག་བྱང་བཅས་སུ་དབྱེ་ཡོད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གིས་ཡིག་སྒྱུར་ནན་ཏན་བྱས་རྗེས་གཟའ་འཁོར་རྗེས་མར་དུས་ཐོག་ཏུ་ནང་དོན་ཆ་ཚང་འདོན་རྒྱུ་ཡིན)