འདི་ནི་ཆུས་ཆིའུ་པའེ་ཡི་འདྲ་པར་ཡིན་པ།
(དཔྱད་གཞིའི་འདྲ་པར)
ཆུས་ཆིའུ་པའེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་དུས་འགོའི་འགོ་ཁྲིད་མི་སྣ་གཙོ་བོའི་གྲས་ཤིག་དང་། རླབས་ཆེན་གྱི་མར་ཁེ་སི་རིང་ལུགས་པ། ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་། རིགས་པའི་གཞུང་ལུགས་མཁས་ཅན། དྲིལ་བསྒྲགས་མཁས་ཅན་བཅས་རེད་ལ། ཀྲུང་གོའི་གསར་བརྗེའི་རྩོམ་རིག་བྱ་གཞག་གི་རྨང་གཞི་འདིང་མཁན་གལ་ཆེན་གྱི་གྲས་ཤིག་ཀྱང་རེད།
1922ལོར། ཆུས་ཆིའུ་པའེ་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། 1923ལོའི་ཟླ་དང་པོར། ཆུས་ཆིའུ་པའེ་རྒྱལ་ནང་དུ་ལོག་རྗེས《གཞོན་ནུ་གསར་པ》སོགས་དུས་དེབ་ཀྱི་འགན་འཁུར་རྩོམ་སྒྲིག་པའི་འགན་བཞེས་ནས་སྲིད་དོན་དཔྱད་གཏམ་གྱི་རྩོམ་ཡིག་འབོར་ཆེན་སྤེལ་བ་མ་ཟད། མར་ཁེ་སི་རིང་ལུགས་ལ་བརྟེན་ནས་ཀྲུང་གོའི་རྒྱལ་བབ་ལ་དབྱེ་ཞིབ་དང་། ཀྲུང་གོའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ། ཀྲུང་གོའི་གསར་བརྗེའི་གནད་དོན་ལ་རིགས་པས་ཁུངས་སྐྱེལ་བཅས་གནང་སྟེ། ཏང་གི་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་གསར་གཏོད་རང་བཞིན་གྱི་ལེགས་སྐྱེས་ཕུལ་ཡོད།
1927ལོའི་ཟླ་8པར། ཀྲུང་གོའི་གསར་བརྗེར་ཉེན་ཁ་ཆེན་པོ་ཕྲད་པའི་གནས་ཚུལ་འོག ཀྲུང་གུང་ཀྲུང་དབྱང་གིས་ཧུའུ་པེའི་ཧན་ཁའུ་རུ་ཛ་དྲག་ཚོགས་འདུ(བརྒྱད་བདུན་ཚོགས་འདུ)འཚོགས་ཤིང་། ཆུས་ཆིའུ་པའེ་དང་ལི་ཝུའེ་ཧན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
1931ལོའི་ཟླ་དང་པོར། ཀྲུང་གུང་སྐབས་དྲུག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་ཆུས་ཆིའུ་པའེ་ཡི་ཀྲུང་དབྱང་འགོ་ཁྲིད་ཀྱི་གོ་གནས་མེད་པར་བཟོས། དེ་རྗེས་ཧྲང་ཧའེ་རུ་ལུའུ་ཤུན་དང་མཉམ་དུ་གཡོན་རུའི་རིག་གནས་འཐབ་ཕྱོགས་ཀྱི་འཐབ་རྩོད་ལ་འགོ་ཁྲིད་གནང་བ་རེད།
1934ལོའི་ལོ་འགོར། ཆུས་ཆིའུ་པའེ་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ཁུལ་དུ་ཕེབས་པ་དང་། 1934ལོའི་ཟླ་2པར་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུང་དབྱང་ལག་བསྟར་ཨུ་ལྷན་སྐབས་གཉིས་པའི་ཨུ་ཡོན་དང་ཀྲུང་དབྱང་ལག་བསྟར་ཨུ་ལྷན་ཀྲུའུ་ཞི་ཚོགས་པའི་ཁོངས་མི། ཀྲུང་དབྱང་ལག་བསྟར་ཨུ་ལྷན་མི་དམངས་ཨུ་ཡོན་ལྷན་ཁང་གི་སློབ་གསོ་མི་དམངས་ཨུ་ཡོན་བཅས་ལ་བདམས་པ་དང་། ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་སྲིད་གཞུང་སློབ་གསོ་པུའི་པུའུ་ཀྲང་གི་འགན་བཞེས། ཀྲུང་དབྱང་དམར་དམག་གི་སྟོབས་ཤུགས་གཙོ་བོ་རྒྱང་སྐྱོད་ལ་ཐོན་རྗེས། ཁོང་གིས་ལྷོ་ཕྱོགས་སུ་ངེས་མེད་རྒོལ་རྡུང་དམག་འཐབ་རྒྱུན་འཁྱོངས་གནང་སྟེ་ཀྲུང་གུང་སུའུ་ཝེ་ཨེད་ཀྲུང་དབྱང་ཡན་ལག་ཅུས་དྲིལ་བསྒྲགས་པུའི་པུའུ་ཀྲང་གི་འགན་བཞེས།
1935ལོའི་ཟླ་2པར། ཆུས་ཆིའུ་པའེ་ཧྥུའུ་ཅན་ཁྲང་ཐིང་དུ་གོ་མིན་ཏང་གི་དམག་མིས་བཟུང་། དགྲ་བོས་ཁོང་སུ་ཡིན་མིན་ཤེས་རྗེས་ཐབས་ཤེས་སྣ་ཚོགས་སྤྱད་དེ་བསླུ་ཐབས་བྱས་ཀྱང་། ཁོང་གིས་དམ་ཚིག་བརྟན་པོས་ཁས་བླངས་མེད། ཟླ་6ཚེས་18ཉིན། ཆུས་ཆིའུ་པའེ་ཡིས་གཡོ་ཟོལ་སྤུ་ཙམ་ཡང་མེད་པར་ཁྲིམས་སར་བསྐྱོད་དེ་བདེན་དོན་དུ་རང་སྲོག་བློས་བཏང་ཞིང་། སྐབས་དེ་དུས་དགུང་ལོ་36རེད།
“ཆུས་ཆིའུ་པའེ་ཡིས་གཞོན་ནུའི་སྐབས་ནས་བཟུང‘ཚང་མར་འོད་ཟེར་ལྡན་པའི་ལམ་ཞིག་གཏོད་པའི’བློ་ཐག་བཅད་ཟིན”ཞེས་དང་། ཆུས་ཆིའུ་པའེ་དྲན་གསོ་ཁང་གི་ཤར་ངོས་སུ་སྐྱོད་སྐབས་མིག་མདུན་དུ་ཆུས་ཆིའུ་པའེ་ཡི་གསུང་ཚིག་གྲགས་ཅན“ངས་རྟག་ཏུ་ཚང་མར་འོད་ཟེར་ལྡན་པའི་ལམ་ཞིག་གཏོད་སྙམ་གྱི་འདུག”ཅེས་པ་དེ་མཐོང་ཐུབ་པ་དང་། དེར་སྦྱར་བའི་དམིགས་ཡུལ་ནི་ཆིའུ་པའེ་ཡི་སྙིང་སྟོབས་འཕྲལ་དུ་ལྟ་སྐོར་བ་མི་རེ་ངོ་རེར་བརྒྱུད་སྤྲོད་བྱེད་ཆོད་རེད་ཅེས་ཆུས་ཆིའུ་པའེ་དྲན་གསོ་ཁང་གི་ཀོན་ཀྲང་གཞོན་པ་ཐང་རུའུ་ཡུས་ཀྱིས་ངོ་སྤྲོད་བྱས་བྱུང་།