ལི་སུའུ་ཀྲི། སྐྱེས་པ། ཧྲན་ཏུང་ལིང་དབྱི་བ། 1954ལོའི་ཟླ་4པར་སྐྱེས། ཀྲུང་གུང་ཏང་ཡོན། 1976ལོའི་ཟླ་7པར་བཅིངས་འགྲོལ་དམག་དམག་མིའི་གསོ་རིག་སློབ་ཆེན་གཉིས་པ་ནས་ཐོན། 1976ལོར་བོད་དུ་སླེབས་པ་ནས་བཟུང་ཡུན་རིང་བོད་དུ་ལས་ཀ་བྱས། བོད་དམག་ཁུལ་ཁང་མཐའ་སྲུང་ཐོན་ཤོག་དང་པོའི་འཕྲོད་བསྟེན་རུ་ཁག་དང་པོའི་དམག་མིའི་སྨན་པ་དང་། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་དམག་མིའི་སྨན་པ། བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་ཡོན་ཀྲང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཀྱི་ལས་འགན་འཁུར་མྱོང་ཡོད། 2004ལོའི་ཟླ་6པར་དམག་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་བདམས་པ་དང་། 2005ལོའི་ཟླ་5པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར་གྱི་གཟི་བརྗིད་མཚན་སྙན་གནང་། 2006ལོའི་ཟླ་5པར་ཀྲུང་དབྱང་དམག་ཨུད་ཀྱིས་ལི་སུའུ་ཀྲིར་བྱས་རྗེས་རིམ་པ་དང་པོ་ཐེངས་གཅིག་གནང་། 2013ལོའི་ཟླ་8ཚེས་28ཉིན་ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་ལི་སུའུ་ཀྲིར“གངས་ལྗོངས་ས་མཐོའི་དམག་མིའི་སྨན་པ་ཡག་པོའི”གཟི་བརྗིད་མཚན་སྙན་གནང་བ་རེད།
1976ལོར་ལོ་22ལ་སླེབས་པའི་ལི་སུའུ་ཀྲི་བཅིངས་འགྲོལ་དམག་དམག་མིའི་གསོ་རིག་སློབ་ཆེན་གཉིས་པ་ནས་སློབ་མཐར་ཕྱིན་པ་དང་། སློབ་གྲྭར་སྡོད་རིང་ཁོང་སྦྱངས་འབྲས་ལེགས་ལ་ཕྱོགས་གང་ཅིའི་ཐད་ཀྱི་འཇོན་ཐང་ཀུན་ལས་མངོན་གསལ་དོད་པས། སློབ་གྲྭའི་ཞོར་གཏོགས་སྨན་ཁང་སྟེ། ཧྲང་ཧའེ་ཁྲང་ཧའེ་སྨན་ཁང་དུ་སྡོད་རྒྱུའི་གོ་སྐབས་བཟང་པོ་རག་ཡོད། འོན་ཀྱང་དེ་ནི་ལི་སུའུ་ཀྲི་ཡི་ཚེ་གང་གི་དོན་གཉེར་བྱེད་ས་ག་ལ་ཡིན། སྐབས་དེ་དུས་ཁྲང་ཧའེ་སྨན་ཁང་གིས་རྟག་ཏུ་མཐའ་སྲུང་དཔུང་སྡེའི་དམག་མི་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་ཀྱི་ཡོད། ཐེངས་ཤིག་བོད་ལྗོངས་མཐའ་སྲུང་དཔུང་སྡེ་ནས་ཡོང་བའི་དམག་མི་ཞིག་ལི་སུའུ་ཀྲི་ཡོད་སའི་ཚན་ཁག་ཏུ་སླེབས་པ་དང་། མཐར་ལི་སུའུ་ཀྲི་དང་དམག་མི་དེ་གྲོགས་པོར་གྱུར། ཐེངས་ཤིག་ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་མཐའ་སྲུང་དམག་མིས་བོད་དུ་སྨན་པ་དཀོན་ལ་སྨན་ཉུང་བའི་དཀའ་ངལ་འཕྲད་པ་ཤོད་སྐབས། ལི་སུའུ་ཀྲིའི་སེམས་ཁམས་བདེ་བར་འབབ་མ་ཐུབ་ལ། བོད་ལ་འགྲོ་རྒྱུའི་ཐོག་མའི་རེ་བའི་མེ་ལྕེ་ཡང་དུས་དེ་ནས་འབར། ཉིན་དེའི་མཚན་མོར་ལི་སུའུ་ཀྲིས་སྨྱུག་ཤོག་བཏོན་ནས་བོད་དུ་ལས་ཀར་འགྲོ་རྒྱུའི་རེ་ཞུ་བྲིས། 1976ལོའི་ཟླ་བཅུ་གཉིས་པར་ལི་སུའུ་ཀྲི་རང་མོས་ལྟར་ནང་སར་འཚོ་བ་སྐྱེལ་བའི་ཁོར་ཡུག་དང་ལས་ཀའི་ཆ་རྐྱེན་བཟང་པོ་དོར་ནས་འགྲུལ་བཞུད་ཀྱི་དཀའ་ངལ་ལ་མ་འཛེམས་པར“འཛམ་གླིང་ཡང་རྩེར”གྲགས་པའི་གངས་ལྗོངས་ས་མཐོར་སླེབས། དེ་ནས་བཟུང་ཁོང་གིས་བགྲང་བྱ་40ཡི་རིང་བོད་དུ་ཕྱག་ལས་གནང་། ཐོག་མར་བོད་དུ་སླེབས་སྐབས་ལི་སུའུ་ཀྲི་ལྷོ་ཁ་ས་ཁུལ་གྱི་དཔུང་སྡེའི་སྨན་ཁང་དུ་ལས་བགོས་བརྒྱབ། འོན་ཀྱང་ཁོང་གིས་རང་འགུལ་ངང་གཞི་རིམ་འཕྲོད་བསྟེན་རུ་ཁག་ཏུ་འགྲོ་རྒྱུའི་རེ་བ་བཏོན་ཞིང་། མཐའ་སྲུང་གི་ཐོན་ཤོག་ཅིག་ཏུ་ལི་སུའུ་ཀྲིས་ལེན་ཤོག་དང་སོ་ལྟ་ཁང་ཚང་མར་བསྐྱོད་དེ་དཔོན་དམག་ཚང་མར་བདེ་ཐང་ཡིག་ཚགས་བཟོས་ནས། དཔོན་དམག་ས་མཐོར་སྡོད་རིང་གི་ལུས་ཁམས་ཀྱི་གྲངས་གཞི་རེ་རེ་བཞིན་ཐོ་འགོད་བྱས།
1978ལོར་ལི་སུའུ་ཀྲི་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་དུ་ལས་བསྒྱུར་བྱས། ཁོང་གི་ནད་པ་ཨང་དང་པོ་ནི་ལྷན་སྐྱེས་སྙིང་ནད་ཡོད་པའི་ལོ་18ལ་སླེབས་པའི་བོད་རིགས་ཀྱི་བུ་མོ་སྒྲོལ་མ་རེད། སྒྲོལ་མའི་ནད་ཚབས་ལྕི་བས་མྱུར་སྐྱོབ་མ་ཐུབ་པར་གྲོངས་པས་ལི་སུའུ་ཀྲིར་གནོང་འགྱོད་དྲག་པོ་བྱུང་ཡོད། དེ་རྗེས་ཀྱི་ཡོངས་ཁྱབ་ཞིབ་བཤེར་བྱེད་རིང་ཁོང་གི་བསམ་ཚོད་ལས་འདས་པ་ནི། མི་ཁྲི་2ལྷག་ཙམ་ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པའི་ཁྲོད་ལྷན་སྐྱེས་སྙིང་ནད་ཡོད་མཁན་60ཙམ་ཡོད་ལ། སྒྲོལ་མའི་གྲུང་ཤ་དོད་ལ་རེ་བས་ཁེངས་པའི་མིག་ཟུང་ཁོང་གི་དྲན་པའི་མེ་ལོང་ངོས་སུ་ཡང་ནས་ཡང་དུ་འཆར། ཁོང་གིས་ཨམ་གཙིགས་བསྡམས་ནས་སྨན་ཁང་གི་ལས་རོགས་ཚོར“དུས་ཡུན་རིང་པོ་ག་ཚོད་འགོར་ཡང་ས་མཐོའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་བཅོས་དཀའ་བའི་གནད་དོན་བསལ་ཏེ། ས་མཐོའི་ཐོན་མང་བའི་ནད་གཞི་འདི་བཅོས་ཐབས་བྱེད་རྒྱུ་ཡིན”ཞེས་བཤད། སྐབས་དེ་དུས་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་ཅིང་། ཚོད་ལྟ་ཁང་དང་། ཚོད་ལྟར་སྤྱོད་བྱེད་ཀྱི་སྲོག་ཆགས། སྒྲིག་ཆས་སོགས་གང་ཡང་མེད་ལ། ཉམས་མྱོང་ཡང་མེད། དཀའ་ཚེགས་ཇི་ལྟར་ཆེ་ཡང་ལི་སུའུ་ཀྲི་ཡིས་དཔའ་མ་ཞུམ་པར་སྲོག་ཆགས་ཀྱི་ལུས་པོ་སྤྱད་ནས་ས་མཐོའི་ལྷན་སྐྱེས་རང་བཞིན་གྱི་སྙིང་ནད་གཤགས་བཅོས་ཀྱི་ཉམས་མྱོང་གསོག་རྒྱུའི་ཐག་བཅད། དེ་མུར་ཁོང་གིས་ཚོད་ལྟ་ཁང་རེ་ཞུ་བྱས་པར་མཛོད་ཁང་རྙིང་པ་ཞིག་རག་ཡོད། དེ་ནས་ཁོང་རང་ཉིད་ཀྱི་གླ་ཆ་ནས་དགོས་ངེས་ཀྱི་སྒྲིག་ཆས་དང་སྨན་བཅོས་ཡོ་ཆས་སོགས་ཉོས། ཚོད་ལྟར་སྤྱོད་པའི་སྲོག་ཆགས་མེད་པས་ཁོང་གིས་ལས་རོགས་ཚོ་དང་མཉམ་དུ་ཕྱི་རོལ་དུ་འཁྱམ་ཁྱི་བཟུང་བར་བསྐྱོད། ཚོད་ལྟ་བྱེད་རིང་ལི་སུའུ་ཀྲིར་ཁྱིས་རྨུག་ནས་གཟུགས་པོར་རྨ་མང་པོ་བཟོས་ཡོད་ལ། བགྲང་བྱ་20ཡི་རྒྱུན་མཐུད་ཚོད་ལྟ་བྱེད་རིང་། ཕམ་ཉེས་རེ་རེ་དང་ཚོད་ལྟ་རེ་རེའི་ཁྲོད་ནས་ཁོང་གིས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞིའི་ཡིག་ཆ་འབོར་ཆེན་གསོག་འཇོག་བྱས། ཕམ་ཉེས་ཐེངས་160ཙམ་བརྒྱུད་རྗེས་ཀྱི་2000ལོའི་ཟླ་11ཚེས་10ཉིན་ཁོང་གིས་འཛམ་གླིང་ཐོག་གི“ས་བབ་སྨི་3700ཡན་གྱི་ས་མཐོའི་ལྷན་སྐྱེས་སྙིང་ནད་ཀྱི་གཤགས་བཅོས”ཐོག་མ་བདེ་བླག་ངང་ལེགས་གྲུབ་བྱས་ནས་བོད་ཀྱི་མི་དམངས་ལ་ཕན་བདེ་ཆེན་པོ་བསྐྲུན་ཡོད།
ལི་སུའུ་ཀྲི་ཡིས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་སེམས་ནུས་ཡོད་ཚད་བཏོན་གནང་ཡོད། འོན་ཀྱང་གཉེན་ཉེར་ལྟ་རྟོག་ཅི་ཡང་བྱེད་ཐུབ་མེད། 1999ལོའི་ལོ་སྟོད་དུ་ཨ་མ་ནད་ཀྱིས་མནར་རུང་། ཁོང་གི་གཤགས་བཅོས་ཀྱི་ཚོད་ལྟ་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་མཐའ་མའི་ཞལ་གྱེས་ཀྱང་ཞུ་ཐུབ་མེད། ཨ་མ་ཚེ་ལས་འདས་རྗེས་པ་ཕ་ཡང་ནད་ཀྱིས་མནར་ནས་མལ་སར་ལུས། མཁྱེན་དཔྱོད་ཡངས་པའི་པ་ཕས་ནད་ཁྲིའི་མདུན་དུ་ནད་གཡོག་རྒྱུག་བཞིན་པའི་བུ་ལ་ལྟ་བཞིན“རྒྱལ་ཁབ་ཀྱི་བྱ་བ་ང་ལས་གལ་ཆེ། སྔ་ཙམ་བོད་དུ་ལོག་ཅིག”ཅེས་བཤད། ཟླ་བ་གཉིས་ཀྱི་རྗེས་སུ་པ་ཕ་ཡང་ཚེ་ལས་འདས། ས་ཐག་ལེ་དབར་ཁྲི་ཕྲག་ཆོད་པ་དང་ལས་བྲེལ་ཆེ་བའི་ལི་སུའུ་ཀྲིས་སྔར་མུས་བཞིན་པ་ཕར་མཐའ་མའི་ཞལ་གྱེས་ཞུ་ཐུབ་མེད། ལི་སུའུ་ཀྲིའི་བཟའ་ཟླའི་མིང་ལ་ཀུའོ་ཧྲུའུ་ཆིན་ཟེར་ཞིང་། ཁོང་ནི་ལི་སུའུ་ཀྲིའི་དམག་མིའི་སློབ་གྲྭའི་སློབ་གྲོགས་རེད། དཔྱིད་གསར་དུས་ཆེན་གྱི་གུང་གསེང་དུ་བཟའ་ཟླས་བུ་མོ་ཁྲིད་དེ་ལྷ་སར་ལི་སུའུ་ཀྲི་ཐུག་པར་ཐེངས་མང་ཡོང་མྱོང་ཡོད་ཀྱང་། ལི་སུའུ་ཀྲི་ནི་རྟག་ཏུ་མཐའ་སྲུང་དམག་སྒར་དུ་སྐོར་སྐྱོད་སྨན་བཅོས་བྱེད་པའམ་ཡང་ན་གཤགས་བཅོས་ཁང་དུ་ཡོད། “བགྲང་བྱ་40ཡི་རིང་ནང་མི་མཉམ་དུ་འཛོམས་ནས་ལོ་གསར་ཐེངས་གཅིག་ལས་གཏོང་མྱོང་མེད”དེ་ལྟར་ཡིན་ཡང་བཟའ་ཟླས་ད་བར་ལི་སུའུ་ཀྲིར་འཁང་ར་སྤུ་ཙམ་ཡང་བྱེད་མྱོང་མེད་པ་རེད།
ལི་སུའུ་ཀྲི་ཡིས་བོད་དུ་བགྲང་བྱ་40ཡི་རིང་ཕྱག་ལས་གནང་རིང་། བརྩེ་བ་ས་མཐོར་བཅངས་ནས་འགྱོད་པ་སྤུ་ཙམ་ཡང་མེད་པར་དཀའ་སྤྱད་འབད་འཐབ་དང་ལེགས་སྐྱེས་ཕུལ་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་རང་ཉིད་ཀྱི་གཉེན་ཉེ་ལྟ་བུར་བརྩིས་ཤིང་། བོད་ལྗོངས་རང་ཉིད་ཀྱི་ཕ་ཡུལ་དུ་བརྩི་ཡི་ཡོད། ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཚོས་ཁོང་ལ་བྱམས་བརྩེ་ཆེན་པོའི་སྒོ་ནས“གངས་ལྗོངས་ཀྱི་ལྷ་རྗེ”དང“བོད་ལྗོངས་མི་དམངས་ཀྱི་སྨན་པ་ཡག་པོ”ཞེས་འབོད་ཀྱི་ཡོད།