དབུ་ཤོག>ཆེད་སྒྲིག
  • གཟིམ་སྤོས་སྤར་བས་རེ་བ་གསར་པའི་དྲི་ཞིམ་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-19

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་རྒྱལ་སྨད་གྲོང་ཚོའི་བསམ་གྲུབ་ནི་སྐད་གྲགས་ཡོད་པའི་སྤོས་བཟོ་བ་ཞིག་རེད། དེ་སྔོན་བསམ་གྲུབ་ཀྱི་ཁྱིམ་གྱི་འཁོས་ཀ་ཞན་པས། ལོ་16ནས་བཟུང་ས་ཆ་ཁག་ཏུ་ཡོང་འབབ་གསོག་པར་འགྲོ་དགོས་ཀྱི་ཡོད། 2005ལོར་བསམ་གྲུབ་ཉིང་ཁྲིར་གླ་པ་རྒྱུག་སྐབས་རྒྱལ་སྨད་གྲོང་ཚོའི་བུ་མོ་ཚེ་རིང་སྐྱིད་ངོ་ཤེས་ནས་གཉེན་སྒྲིག་བྱས་པ་དང་དེ་རྗེས་རྒྱལ་སྨད་གྲོང་ཚོར་འཚོ་བ་བསྐྱལ་ནས་བསྡད། བསམ་གྲུབ་ཀྱི་ཁྱིམ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ནས་ཡིན་པ་དང་། ཕྱིར་གླ་པར་སྐྱོད་པའི་ལོ་དེ་དག་རིང་ལས་ཀ་ཧུར་ཐག་བྱས་པས་སྤོས་བཟོ་སྟངས་ཤེས་ཀྱང་དཔལ་འབྱོར་གྱི་ཆ་རྐྱེན་མེད་པས་གཞི་ཁྱོན་ཆེ་རུ་གཏོང་མ་ཐུབ་པར་ལག་པས་བཟོས་ཏེ་སིལ་ཚོང་བྱེད་པ་ལས་མ་འདས་པས་ཡོང་འབབ་ཀྱང་དེ་ཙམ་མེད། ཚེ་རིང་སྐྱིད་དང་གཉེན་སྒྲིག་བྱས་ནས་ལོ་གཉིས་ཀྱང་མ་སོང་བར་ཚེ་རིང་སྐྱིད་ལ་སྙིང་ནད་དང་། མཁལ་ནད། གཅིན་སྙི་ཟགས་ཁུའི་ནད་བཅས་ཚབས་ཆེ་བའི་ནད་ཕོག་པའི་རྐྱེན་གྱིས་སྨན་བཅོས་ཡུན་རིང་བྱེད་དགོས་པའི་ཁར། ཕྲུ་གུ་གསུམ་གསོ་སྐྱོང་གི་གནོན་ཤུགས་ཆེ་བས་བསམ་གྲུབ་ཀྱིས་ཡོང་འབབ་ནས་80%ཚེ་རིང་སྐྱིད་ཀྱི་སྨན་རིན་དང་ཕྲུ་གུར་འགྲོ་སོང་གཏོང་དགོས་པས། ཁོ་པའི་ཁྱིམ་ཚང་ནད་གཞིས་རྐྱེན་པས་དུད་ཚང་དབུལ་པོར་གྱུར།

    2016ལོར་འགོ་བཙུགས་པའི་དབུལ་སྒྲོལ་འགག་སྒྲོལ་གྱི་རླབས་རྒྱུན་ཆེན་པོའི་ཁྲོད། བསམ་གྲུབ་ཀྱིས་རང་ཉིད་ཀྱི་འདོད་འདུན་གཞིར་བཟུང་སྲིད་གཞུང་གིས་མ་རྩ་བཏང་སྟེ་སྤོས་ལས་སྣོན་བཟོ་གྲྭ་བཙུགས། སྲིད་གཞུང་གིས་མ་རྩ་སྒོར་ཁྲི་30.98བཏང་སྟེ་བསམ་གྲུབ་ལ་སྤོས་ཁང་བསྐྲུན་པ་དང་། སྤོས་ལས་སྣོན་བྱེད་པར་ངེས་པར་དུ་མཁོ་བའི་གཞོག་གྲི་དང་། ཐོ་བ། རང་འཐག་སོགས་ཀྱི་འཕྲུལ་ཆས་ཉོས། 2016ལོའི་ཟླ་9པར་སྤོས་བཟོ་གྲྭ་དངོས་སུ་ལས་གཉེར་བྱེད་འགོ་ཚུགས།

    སྤོས་བཟོ་བའི་རྣམ་གྲངས་ལག་ལེན་བསྟར་རྗེས་བསམ་གྲུབ་ཀྱིས་ཐོན་རྫས་ཁྱེར་ནས་གང་སར་ཚོང་ལམ་འཚོལ་བར་བསྐྱོད་དེ། སྔ་རྗེས་སུ་ལྷ་ས་དང་བྲག་ཡིབ་སོགས་ཀྱི་ལག་ཤེས་བཟོ་རྩལ་ཚོང་ཁང་དང་བོད་བཟོའི་ཚོང་ཁང་9དང་མཉམ་ལས་ཀྱི་གྲོས་མཐུན་བཞག དེ་དང་ཆབས་ཅིག ཕ་ཡུལ་ཀོང་པོའི་དྲ་ཐོག་ཚོང་དོན་ལས་སྟེགས་སུ་ཐོ་འགོད་བྱས། སྤོས་བཟོ་གྲྭ་གཉེར་སྐྱོང་བྱས་ནས་ཟླ་4སོང་རྗེས་ཀྱི་2016ལོའི་ལོ་མཇུག་ཏུ་ཡོང་འབབ་སྒོར་ཁྲི་6རག་པས་བསམ་གྲུབ་མགྱོགས་མྱུར་དབུལ་གྲོལ་ཕྱུག་འགྱུར་བྱུང་ཡོད།

    ཁོང་གིས་རང་ཉིད་དབུལ་གྲོལ་ཕྱུག་འགྱུར་བྱུང་རྗེས་ཡུལ་མི་རྣམས་མ་བརྗེད་པར། རྒྱལ་སྨད་གྲོང་ཚོར་བསམ་གྲུབ་ཀྱི་ཁྱིམ་ཚང་ཕུད་ད་དུང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་6ཡོད་པས། བསམ་གྲུབ་ཀྱིས་ཁོ་ཚོ་དང་ཁེ་བཟང་བགོ་འགྲེམས་ཀྱི་གྲོས་མཐུན་བཞག་སྟེ་ལོ་ལྟར་རྣམ་གྲངས་ཀྱི་སྤྱིའི་མ་དངུལ་སྒོར་ཁྲི་30.98ནས་6%(སྒོར་18588)ལས་མི་ཉུང་བ་བགོ་འགྲེམས་བརྒྱབ་ཡོད། 2017ལོ་ནས་བཟུང་བསམ་གྲུབ་ཀྱིས་དུད་ཚང་དབུལ་པོ་6ལ་ལོ་ལྟར་ཁེ་བཟང་སྒོར་3100བགོ་འགྲེམས་བརྒྱབ་ཡོད།

    གནད་སྨིན་དབུལ་སྐྱོར་བྱེད་པའི་འགག་རྩ་ནི་མི་ལ་ཐུག་ཡོད། བསམ་གྲུབ་ཀྱིས་ཉེ་འཁོར་གྱི་དུད་ཚང་དབུལ་པོའི་སྣེ་ཁྲིད་དེ་ཁེ་བཟང་བགོ་འགྲེམས་བརྒྱབ་ནས་ཡོང་འབབ་མང་དུ་བཏང་བ་དང་ཆབས་ཅིག ད་དུང་ཁོང་ཚོར་སྤོས་ལས་སྣོན་བྱེད་སྟངས་བསླབས་པ་དང་དབུལ་སྐྱོར་དུད་ཚང་ལ་དབུལ་སྒྲོལ་གྱི་སེམས་ཤུགས་སྐྱེད་པར་ཁྲིད་སྟོན་བྱས་ནས“ནང་སྐྱེས་སྒུལ་ཤུགས”དངོས་འཕེལ་བར་བྱས་ཡོད།

    2018ལོའི་ཟླ་10པར་བསམ་གྲུབ་ལ་ཉིང་ཁྲི་གྲོང་ཁྱེར་གྱི་2018ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི“དབུལ་སྒྲོལ་ཕྱུག་འགྱུར་གྱི་གཟི་བརྗིད་ལྡན་པའི་དུད་ཚང་ཡག་ཤོས་བརྒྱའི”གཟི་བརྗིད་མཚན་སྙན་ཐོབ་སྟེ་ཉིང་ཁྲི་གྲོང་ཁྱེར་གྱི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ལས་གཏོད་དབུལ་སྒྲོལ་གྱི་དཔེ་མཚོན་དུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།