འདི་ནི་སུའུ་ཀྲའོ་ཀྲེང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་འདྲ་པར)
དབྱར་འགོའི་ཐང་ཅ་དབན་གྲོང་རྡལ་ཆི་ཨའོ་གྲོང་ཚོར་རྩི་ཤིང་གཡུ་ལོ་རྒྱས་ཤིང་མེ་ཏོག་རབ་ཏུ་བཞད། 1885ལོར་ཀྲུང་གོ་བཟོ་པའི་ལས་འགུལ་གྱི་གྲགས་ཅན་གཙོ་འཛིན་སུའུ་ཀྲའོ་ཀྲེང་ནི་གླིང་ཕྲན་འདིར་འཚོ་བཞིན་པའི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་འཁྲུངས་ཤིང་། བཞུགས་གནས་རྙིང་པའི་འགྲམ་དུ་ཡོད་པའི་ཐང་ཆེན་དུ་ཁོང་གི་འཇིམ་བརྙན་འགྱིང་ངེར་གནས་འདུག
1903ལོར། ལོ་18ལ་སོན་པའི་སུའུ་ཀྲའོ་ཀྲེང་འཚོ་གནས་ཀྱི་དོན་དུ་ཤང་ཀང་གི་ཕྱི་རྒྱལ་གྲུ་གཟིངས་ཞིག་ཏུ་ལས་ཀ་ཙག་ཙིག་བྱས་ནས་སྡོད་དུས་གསར་བརྗེའི་དོན་དུ་བྲེལ་བཞིན་པའི་སུན་ཀྲུང་ཧྲན་དང་ངོ་ཤེས་པའི་སྐལ་བ་ཐོབ།
1917ལོར། ཨུ་རུ་སུའི་ཟླ་བ་བཅུ་པའི་གསར་བརྗེར་རྒྱལ་ཁ་ཐོབ་པའི་གནས་ཚུལ་ཀྲུང་གོའི་མཚོ་འགྲུལ་གྲུ་པར་བྱས་པ་དང་། སུའུ་ཀྲའོ་ཀྲེང་ལ་རིག་གནས་གསར་པའི་ལས་འགུལ་གྱི་དཔེ་དེབ་ཀློག་པའི་གོ་སྐབས་བྱུང་བ་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་གསར་བརྗེའི་རིགས་པའི་གཞུང་ལུགས་ཀྱང་སྦྱངས།
1921ལོའི་ཟླ་3པར། སུའུ་ཀྲའོ་ཀྲེང་དང་ལིན་ཝེ་མིན་སོགས་ཀྱི་སྣེ་ཁྲིད་འོག ཤང་ཀང་དུ་ཀྲུང་ཧྭ་མཚོ་འགྲུལ་གྲུ་པའི་བཟོ་ཚོགས་མཉམ་འབྲེལ་སྤྱི་ཁྱབ་ལྷན་ཚོགས་བཙུགས། 1922ལོའི་ཟླ་དང་པོར། ཤང་ཀང་གི་མཚོ་འགྲུལ་གྲུ་པས་སྤེལ་བའི་ལས་མཚམས་འཇོག་པའི་ལས་འགུལ་ལ་སུའུ་ཀྲའོ་ཀྲེང་ལས་མཚམས་འཇོག་པའི་སྤྱི་ཁྱབ་དོན་གཅོད་ཁྲུའུ་སྤྱི་གཉེར་པུའི་ཀྲུའུ་རེན་དང་གྲོས་མོལ་འཐུས་ཚབ་ཀྱི་གྲས་སུ་བདམས།
1925ལོའི་དཔྱིད་ཀར། སུའུ་ཀྲའོ་ཀྲེང་གུང་ཁྲན་ཏང་ལ་ཞུགས། ལོ་དེའི་ཟླ་6པར། ཁོང་དང་ཏེང་ཀྲུང་ཞ་སོགས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་གང་སར་སྐད་གྲགས་ཆོད་པའི“ཀོང་ཀྲོའུ་ཞིང་ཆེན་དང་ཤང་ཀང་གི་ལས་མཚམས་འཇོག་པའི་ལས་འགུལ”ལ་འགོ་ཁྲིད་གནང་།
འཐབ་རྩོད་ཀྱི་ཁོར་ཡུག་ཛ་དྲག་པ་དང་དུས་ཡུན་རིང་པོ་རང་དོར་གཞན་གཅེས་ཀྱིས་ལས་དོན་བསྒྲུབས་པ་ལས་ཁོང་ལ་དུབ་ནད་ཕོག་སྟེ་1929ལོར་གྲོངས། མི་ཚེའི་དུས་ཚོད་མཇུག་ཤོས་སུའང་། སུའུ་ཀྲའོ་ཀྲེང་གིས་སྔར་བཞིན་མང་ཚོགས་སྒྲིག་འཛུགས་ཀྱིས་འཐབ་རྩོད་མི་བརྗེད་མེད་པར་རང་ཉིད་ལ་གཟིགས་པར་ཕེབས་པའི་ཀྲོའུ་ཨེན་ལའེ་སོགས་ལ“རྒྱ་ཆེའི་མི་དམངས་འཚོ་བ་འཁྱོལ་དཀའ་བས་གསར་བརྗེར་ང་ཚོས་སྒྲིག་འཛུགས་བྱེད་དགོས”“ཚང་མས་སེམས་ནུས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ནས་གསར་བརྗེར་རྒྱལ་ཁ་ལེན་དགོས”ཞེས་གསུངས་ཡོད།
ཀྲའོ་ཀྲེང་དྲན་གསོ་སློབ་གྲྭའི་ཀུན་སྤྱོད་སློབ་གསོ་ཁྲུའི་ཀྲུའུ་རེན་ཀོ་ཐིང་ཐིང་ནི་གསར་བརྗེའི་སློབ་གསོའི་སློབ་ཚན་འདི་འཁྲིད་མཁན་གྱི་དགེ་རྒན་ཡིན་ཞིང་། ཁོང་གིས“ང་ཚོར་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པའི་འགན་འཁྲི་ཡོད”ཅེས་བཤད་བྱུང་།
2008ལོའི་ཟླ་8པར། ཁྲུང་ཆིང་ཝུའུ་ཤིས་རྫོང་ལ་སློབ་སྐྱོར་ལས་འགན་གྲུབ་ནས་ལོག་པའི་ལོ་ཀྲེ་ཡུང་གིས་གླིང་ཕྲན་གྱི་སློབ་གྲྭ་འདིར་དགེ་རྒན་བྱེད་པར་འགྲོ་རྒྱུའི་འདུན་པ་རང་འགུལ་ངང་ཞུས་ནས་སློབ་སྤྱིའི་འགན་འཁུར་བ་དང་ད་བར་སློབ་ཚན་ལོ་13ཁྲིད་ཡོད།
ཁོང་གིས་སློབ་གྲྭ་འདིར“སུའུ་ཀྲའོ་ཀྲེང་གི་སྙིང་སྟོབས”ཏེ། དཔར་ངར་མདུན་སྐྱོད་ཀྱི་འབད་འབུངས་སྙིང་སྟོབས་དང་། དངོས་ཐོག་བདེན་འཚོལ་གྱི་ཚན་རིག་སྙིང་སྟོབས། ཁེ་གྲགས་སྤོང་བའི་བདེན་འཚོལ་སྙིང་སྟོབས། རྣམ་དག་ཟོལ་མེད་ཀྱི་མཉམ་ལས་སྙིང་སྟོབས་བཅས་དར་སྤེལ་གཏོང་གི་ཡོད་ཅེས་བཤད་བྱུང་།