དབུ་ཤོག>ཆེད་སྒྲིག
  • རུས་པ་གོ་ཐལ་དུ་གྱུར་ཀྱང་དམ་བཅར་འགྱུར་བ་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-18

    528189_yis_1621267200000_s.jpg

    འདི་ནི་ཏེང་ཀྲུང་ཞ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་འདྲ་པར)

    ཏེང་ཀྲུང་ཞ་ནི་1894ལོའི་ཟླ་10པར་འཁྲུངས་པ་དང་ཧུའུ་ནན་དབྱི་ཀྲང་བ་རེད། 1914ལོར་ཧུའུ་ནན་མཐོ་རིམ་དགེ་འོས་སློབ་གྲྭར་རྒྱུགས་འཕྲོད་པ་དང་། 1917ལོར་པེ་ཅིང་སློབ་ཆེན་རྒྱ་ཡིག་ཚན་ཁག་ཏུ་རྒྱུགས་འཕྲོད་པ་དང་ཕྱིས་སུ་མཚན་ཉིད་རིག་པ་ཚན་ཁག་ཏུ་བསྒྱུར། 1919ལོར་ལྔ་བཞིའི་ལས་འགུལ་ལ་ཞུགས་ཏེ་པེ་ཅིང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་འཛིན་གྱི་འགན་འཁུར་བ་དང་ཀྲའོ་ཚང་ཐོག་ཁང་མེར་སྲེག་གཏོང་བའི་བྱ་སྤྱོད་ལ་ཞུགས། 1920ལོའི་ཟླ་3པར། ལི་ཏཱ་ཀྲའོ་ཡི་འགོ་ཁྲིད་འོག་ཏེང་ཀྲུང་ཞ་དང་ཀའོ་ཅུན་ཡུས་སོགས་ཀྱིས་པེ་ཅིང་སློབ་ཆེན་མར་ཁེ་སི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་འཛུགས་རྒྱུའི་སྐུལ་སློང་བྱས། ལོ་དེའི་ཟླ་10པར། མར་ཁེ་སི་གཞུང་ལུགས་ཞིབ་འཇུག་ལྷན་ཚོགས་ཀྱི་ཁོངས་མིས་རྐང་འཛིན་བྱས་པའི་པེ་ཅིང་གི་གུང་ཁྲན་ཏང་དུས་འགོའི་རྩ་འཛུགས་བཙུགས་པ་དང་། ལི་ཏཱ་ཀྲའོ་ཡིས་ཧྲུའུ་ཅི་གནང་། ཏེང་ཀྲུང་ཞ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་སྔ་ཤོས་ཀྱི་གྲས་ཤིག་ཏུ་གྱུར།

    1920ལོའི་ཟླ་4པ་ནས་བཟུང་། ཏེང་ཀྲུང་ཞས་པེ་ཅིང་ཁྲང་ཤིན་ཏན་དུ་བཟོ་པའི་ལས་འགུལ་ལ་ཡུན་རིང་གཞོལ་བ་དང་། བཟོ་པའི་ངལ་རྩོལ་གསབ་སྦྱོང་སློབ་གྲྭ་གཙོ་གཉེར་དང་བཟོ་ཚོགས་བཙུགས་ཏེ་བྱང་ཕྱོགས་བཟོ་པའི་ལས་འགུལ་ལ་རྐང་འཛིན་སྟོབས་ཤུགས་འབོར་ཆེན་གསོ་སྐྱོང་གནང་ཡོད། 1923ལོར་ལི་ཏཱ་ཀྲའོ་ཡི་འོས་སྦྱོར་བརྒྱུད་ཁོང་གོ་མིན་ཏང་དང་གུང་ཁྲན་ཏང་གིས་མཉམ་དུ་གཉེར་བའི་ཧྲང་ཧའེ་སློབ་ཆེན་འཛུགས་པའི་ལས་ལ་ཞུགས་པ་མ་ཟད། སྤྱི་གཉེར་གྱི་འགན་བཞེས། 1925ལོར་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་རྗེས། དྲུང་ཆེ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཅིག་ལྕོགས་ཀྱི་འགན་བཞེས་ནས་ཀོང་ཀྲོའུ་རུ་ཕྱག་ལས་གནང་། མི་རིང་བར་སྐད་གྲགས་ཆོད་པའི་ཀོང་ཀྲོའུ་ཞིང་ཆེན་དང་ཤང་ཀང་གི་ལས་མཚམས་འཇོག་པའི་ལས་འགུལ་སྒྲིག་འཛུགས་དང་འགོ་ཁྲིད་གནང་བ་མ་ཟད་དེར་ཞུགས།

    1928ལོའི་ཟླ་3པར་མོ་སི་ཁོ་རུ་ལས་བཟོ་དམར་པོའི་རྒྱལ་སྤྱིའི་འཐུས་མི་ཚོགས་ཆེན་ཐེངས་བཞི་པར་ཞུགས་ནས་བཟོ་པ་དམར་པོའི་རྒྱལ་སྤྱིར་བཅའ་སྡོད་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་འཐུས་མིའི་འགན་བཞེས།

    1930ལོའི་ཟླ་7པར། ཏེང་ཀྲུང་ཞ་མོ་སི་ཁོ་ནས་ཧྲང་ཧའེ་རུ་ལོག མི་རིང་བར། ཀྲུང་དབྱང་ནས་ཁོང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་གནས་གཞིའི་ཁུལ་དུ་མངགས་ནས་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་དམིགས་བསལ་ཨུ་ལྷན་གྱི་ཧྲུའུ་ཅི་དང་། དམར་དམག་འབུམ་ཤོག་ཆེན་པོ་གཉིས་པའི(རྗེས་སུ་དམར་དམག་དམག་སྡེ་གསུམ་པ་ཞེས་སུ་བསྒྱུར)ཆབ་སྲིད་ཨུ་ཡོན། གཡུལ་ས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཀྲུང་དབྱང་གསར་བརྗེ་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ལ་བསྐོས་ཏེ། ཧེ་ལུང་དང་ཀྲོའུ་དབྱི་ཆུན་དང་མཉམ་དུ་ཧུའུ་ནན་དང་ཧུའུ་པེའི་ནུབ་རྒྱུད་ཀྱི་དྲག་ཆས་འཐབ་རྩོད་ལ་འགོ་ཁྲིད་གནང་། 1932ལོར་ཧྲང་ཧའེ་རུ་ལས་སྒྱུར་བྱས་ནས་གསང་བའི་འཐབ་རྩོད་རྒྱུན་འཁྱོངས་གནང་བ་དང་། རྒྱལ་ཡོངས་རོགས་རེས་སྤྱི་ཁྱབ་ཚོགས་པ་དམར་པོའི་ཀྲུའུ་རེན་དང་ཏང་དང་སྡེ་ཚོགས་ཀྱི་ཧྲུའུ་ཅིའི་འགན་བཞེས།

    1933ལོའི་ཟླ་5པར། ཏེང་ཀྲུང་ཞ་ཧྲང་ཧའེ་རུ་ལས་དོན་སྒྲུབ་སྐབས་བཟུང་པ་མ་ཟད། ངོ་ལོག་པས་ཁོང་གི་གནས་ཚུལ་བཤད། ཅང་ཅེ་ཧྲེ་ཡིས་གནས་ཚུལ་ཐོས་འཕྲལ་ཁོང་ངོ་མས་འདྲི་རྩད་བྱས་པ་མ་ཟད་ཏེང་ཀྲུང་ཞ་ནན་ཅིང་གོ་མིན་ཏང་གི་དམག་སྲིད་ཉེན་རྟོག་དམག་སི་ལིང་པུའི་བཙོན་ཁང་དུ་ལྟ་སྐྱེལ་བྱས། ཁོང་གིས་བཙོན་ཁང་དུ་ཡོད་པའི་གསང་བའི་ཏང་ཀྲི་པུའི་འགན་འཁུར་བར“ང་ཏེང་ཀྲུང་ཞ་རུས་པ་གོ་ཐལ་ལ་གྱུར་ཀྱང་ནམ་ཡང་གུང་ཁྲན་ཏང་ཡོན་རེད་ཅེས་ཚང་མར་ཤོད་རོགས”ཞེས་གསུངས་ཡོད།

    1933ལོའི་ཟླ་9ཚེས་21ཉིན། ནན་ཅིང་ཡུས་ཧྭ་ཐའེ་ཁྲིམས་སར་ཏེང་ཀྲུང་ཞ་ཡིས་སྐད་གཟེངས་མཐོན་པོས“གོ་མིན་ཏང་གི་ངོ་ལོག་ཤོག་ཁག་རྩ་མེད་དུ་གཏོང་དགོས”“ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག”“འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་རྡོག་རྩ་གཅིག་ཏུ་སྒྲིལ་ཤོག”ཅེས་འབོད་ཚིག་སྒྲོག་བཞིན་དཔའ་ངར་ཆེན་པོས་བདེན་དོན་དུ་ཚེ་སྲོག་བློས་བཏང་བ་དང་། སྐབས་དེ་དུས་དགུང་ལོ་39རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།