
འདི་ནི་ཧོ་ཧྲུའུ་ཧེང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ཧོ་ཧྲུའུ་ཧེང་ནི་1876ལོར་འཁྲུངས་པ་དང་ཧུའུ་ནན་ཞིང་ཆེན་ཉིང་ཤང་ནས་རེད། 1913ལོར་ཧོ་ཧྲུའུ་ཧེང་ཧུའུ་ནན་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་གྲྭ་དང་པོའི་ཁྲིད་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་དེ་མའོ་ཙེ་ཏུང་དང་ཚའེ་ཧོ་སེན་སོགས་བློ་མཐུན་དང་གྲོགས་པོ་བཟང་པོར་གྱུར། དགེ་འོས་སློབ་གྲྭ་དང་པོ་ནས་མཐར་ཕྱིན་རྗེས་སྔ་རྗེས་སུ་ཁྲང་ཧྲ་ཁྲུའུ་དབྱི་སློབ་གྲྭ་དང་དགེ་འོས་སློབ་གྲྭ་དང་པོའི་ཞོར་གཏོགས་སློབ་ཆུང་དུ་དགེ་རྒན་གནང་བ་དང་ཆབས་ཅིག་མའོ་ཙེ་ཏུང་དང་ཚའེ་ཧོ་སེན་སོགས་ཀྱིས་སྒྲིག་འཛུགས་གནང་བའི་གསར་བརྗེའི་ལས་འགུལ་ལ་ཧུར་ཐག་ཞུགས། 1918ལོའི་ཟླ་4པར། ཁོང་དང་མའོ་ཙེ་ཏུང་། ཚའེ་ཧོ་སེན་སོགས་ཀྱིས་དམངས་གསར་སློབ་ཚོགས་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་བཙུགས་པ་དང་ལག་བསྟར་ཨུ་ཡོན་ཀྲང་གི་འགན་བཞེས།
ལྔ་བཞིའི་ལས་འགུལ་རིང་། ཧོ་ཧྲུའུ་ཧེང་གིས་ཁྲང་ཧྲ་ཡི་ཡར་ཐོན་དགེ་རྒན་དང་མཉམ་དུ་བཙན་རྒོལ་རྒྱལ་གཅེས་ཀྱི་སློབ་མའི་ལས་འགུལ་ལ་རྒྱབ་སྐྱོར་གནང་ཞིང་། 1920ལོའི་ཟླ་3པར། ཨན་ཧུད་ནས་ཡིན་པའི་དམག་ཤེད་ཅན་ཀྲང་ཅིང་ཡའོ་མཐར་སྐྲོད་གཏོང་བའི་འཐབ་རྩོད་ནང་ཞུགས། 1920ལོའི་དབྱར་ཁར། ཁོང་དང་མའོ་ཙེ་ཏུང་སོགས་ཀྱིས་ཧུའུ་ནན་ཨུ་རུ་སུའི་ཞིབ་འཇུག་ལྷན་ཚོགས་འཛུགས་རྒྱུའི་གྲོས་འགོ་བཏོན།
1920ལོའི་དགུན་ཁར། ཧོ་ཧྲུའུ་ཧེང་གིས་མའོ་ཙེ་ཏུང་དང་མཉམ་དུ་ཧུའུ་ནན་གྱི་གུང་ཁྲན་ཏང་གི་དུས་འགོའི་རྩ་འཛུགས་བཙུགས་པ་དང་། 1921ལོའི་ཟླ་7པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས་ནས་ཏང་གི་སྲོལ་གཏོད་པའི་གྲས་སུ་གྱུར། ཟླ་10པར། ཀྲུང་གུང་ཧུའུ་ནན་ཀྲི་པུའུ་འཛུགས་པའི་ནང་ཞུགས་ནས་ཀྲི་པུའུ་ཨུ་ཡོན་གྱི་འགན་བཞེས། 1922ལོར་ཀྲུང་གུང་ཧུའུ་ནན་ཁུལ་གྱི་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གནང་།
1927ལོའི་ལྔ་པའི་ཉེར་གཅིག་གི་དུས་འགྱུར་བྱུང་རྗེས་ཧོ་ཧྲུའུ་ཧེང་ཧྲང་ཧའེ་རུ་ཕེབས་ཏེ་ཏང་གི་གསང་བའི་པར་སྐྲུན་བཟོ་གྲྭ་གཉེར་ནས་གསང་བའི་འཐབ་རྩོད་རྒྱུན་འཁྱོངས་གནང་། 1928ལོའི་ཟླ་6པར་མོ་སི་ཁོར་ཀྲུང་གུང་ཚོགས་ཆེན་དྲུག་པར་ཞུགས། ཟླ་9པར། མོ་སི་ཁོའི་ཀྲུང་ཧྲན་སློབ་ཆེན་དུ་ཞུས་ཐེ་ལི་དང་། ཝུའུ་ཡུས་ཀྲང་། ཏུང་པི་ཝུའུ། ལིན་པོ་ཆུས་སོགས་དང་མཉམ་དུ་དམིགས་བསལ་འཛིན་གྲྭར་སློབ་སྦྱོང་གནང་། 1930ལོའི་ཟླ་7པར་སུའུ་ལན་ནས་སློབ་སྦྱོང་གནང་མཇུག་འགྲིལ་ཏེ་རྒྱལ་ནང་དུ་ལོག་རྗེས་ཧྲང་ཧའེ་རུ་རྒྱལ་ཡོངས་རོགས་རེས་ཚོགས་པའི་ལས་དོན་གྱི་འགན་འཁུར་བ་དང་། འཛིན་བཟུང་བྱས་པའི་བློ་མཐུན་སྐྱོབ་ཐབས་ཀྱི་སྒྲིག་འཛུགས་གནང་བ་མ་ཟད། དགྲ་བོས་ཐོབ་ཐང་ཧ་གོ་བའི་བློ་མཐུན་སུའུ་ཝེ་ཨེད་ས་ཁུལ་དུ་གཞན་སྒྲར་བྱེད་པའི་ལས་འགན་འཁུར།
1931ལོའི་ཟླ་11པར། ཧོ་ཧྲུའུ་ཧེང་ཀྲུང་དབྱང་གསར་བརྗེའི་གནས་གཞིའི་ཁུལ་དུ་ཕེབས་ཏེ་ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བདམས་པ་དང་ཀྲུང་དབྱང་སྲིད་གཞུང་བཟོ་ཞིང་ཞིབ་དཔྱོད་མི་དམངས་གནས་སྐབས་ཨུ་ཡོན་དང་། ནང་སྲིད་མི་དམངས་ཨུ་ཡོན་པུའི་ལས་ཚབ་པུའུ་ཀྲང་། ཆེས་མཐོའི་ཁྲིམས་ཁང་གི་གནས་སྐབས་ཀྲུའུ་ཞི་སོགས་ཀྱི་འགན་བཞེས།
1934ལོའི་ཟླ་10པར། ཀྲུང་དབྱང་དམར་དམག་གི་སྟོབས་ཤུགས་གཙོ་བོ་རྒྱང་སྐྱོད་ལ་ཐོན་རྗེས་ཧོ་ཧྲུའུ་ཧེང་གིས་བཀའ་ལྟར་ཀྲུང་དབྱང་གི་གསར་བརྗེའི་གནས་གཞིའི་ཁུལ་དུ་ངེས་མེད་རྒོལ་རྡུང་གི་འཐབ་རྩོད་རྒྱུན་འཁྱོངས་སྤེལ་ནས་ཤི་གསོན་གྱི་ཚོད་བགམ་དྲག་པོ་མྱངས་ཡོད། 1935ལོའི་ཟླ་2ཚེས་24ཉིན། ཅང་ཤིས་ནས་ཧྥུའུ་ཅན་དུ་སྤོ་བའི་ལམ་བར་དུ་ཁྲང་ཐིང་ནས་དགྲ་བོས་མཐའ་བསྐོར་བ་ལས་ཐར་ཐབས་བྱེད་པའི་འཐབ་རྩོད་བྱེད་སྐབས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ནས“སུའུ་ཝེ་ཨེད་ཆེད་དུ་རྩ་ཆེའི་ཚེ་སྲོག་ཀྱང་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་པའི་དམ་བཅའ་བསྒྲུབས་ཤིང་། སྐབས་དེ་དུས་དགུང་ལོ་59རེད།
1937ལོར་ཡན་ཨན་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་16འཁོར་བའི་དྲན་གསོའི་ཚོགས་ཆེན་ཐོག་མའོ་ཙེ་ཏུང་གིས་རང་སྲོག་བློས་གཏོང་མཁན་བློ་མཐུན་གྱི་མིང་ཐོ་ནས་ཧོ་ཧྲུའུ་ཧེང་གི་མིང་ལྗགས་ཀློག་གནང་སྐབས་ཏང་ནང་ཁུལ་གྱི་གསར་བརྗེ་བ་རྒན་རབས་འདིའི་ཚེ་སྲོག་ཤོར་བར་མྱ་ངན་ཟབ་མོ་མི་ཞུ་མཁན་གཅིག་ཀྱང་མེད།
“གལ་ཏེ་རྒྱལ་སྐྱོབ་དམངས་སྐྱོབ་ཀྱི་བླ་ན་མེད་པའི་ཕུགས་བསམ་མེད་ན། ཧོ་ཧྲུའུ་ཧེང་ཕ་ཡུལ་དུ་བློ་བདེ་འབྱོར་ཕྱུག་གི་ཚེ་གང་སྐྱེལ་ཆོག འོན་ཀྱང་ཁོང་གིས་གསར་བརྗེར་ཞུགས་རྒྱུའི་གདམ་ག་གནང་བ་དེ་ནི་ཁོང་གིས། ང་ནི་ངའི་ཕ་ཡུལ་ཁོ་ནའི་མི་མིན། ངའི་མི་ཚེའི་ལྟ་བ་ནི་ཕ་ཡུལ་དུ་བདེ་བར་འཁོད་དེ་ཚེ་མཇུག་སྐྱེལ་སྙམ་པ་དེ་མིན། རང་སྒེར་གྱི་ཁེ་ཕན་ཆེད་དུ་བུ་རབས་ཚ་རྒྱུད་བླུན་རྨོངས་ཆེ་ཞིང་དཔའ་འཁུམས་ནས་སྡོད་དུ་འཇུག་མི་རུང་ཞེས་གསུངས་པ་ལྟར་རེད”ཅེས་ཁྲང་ཁྲུང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཙེང་ལེས་བཤད་ཅིང་། ཧོ་ཧྲུའུ་ཧེང་གི་གསར་བརྗེའི་སྙིང་སྟོབས་ཀྱི་ཤུགས་རྐྱེན་འོག་ཉིང་ཤང་གྲོང་ཁྱེར་དུ་ཀུན་སྤྱོད་ལེགས་ལ་གདོང་མཆོང་ཕོད་པའི་ཀུན་སྤྱོད་བཟང་བ་དང་ཕུགས་བསམ་ལྡན་པ་འབོར་ཆེན་ཞིག་ཐོན་དང་ཐོན་མུས་རེད།