དབུ་ཤོག>ཆེད་སྒྲིག
  • རྒད་པོ་ཀུན་བཟང་གི་བདེ་སྐྱིད་འཚོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-12

    རྒད་པོ་ཀུན་བཟང་གི་ཞོགས་པའི་ལས་ཀ་དང་པོ་ནི་ཆུ་ཟོམ་འཁྱེར་ནས་སྒོ་ཁར་ཡོང་སྟེ་མེ་ཏོག་ལ་ཆུ་རྒྱག་རྒྱུ་དེ་ཡིན། འདི་ནི་ཁོང་གི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱུན་འཁྱོངས་བྱས་པའི་གོམས་གཤིས་ཤིག་ཡིན། ཁོང་གིས་ཉིན་གང་མེ་ཏོག་གི་དྲི་ཞིམ་ཚོར་ན་སེམས་པ་སྐྱིད་པོ་འདུག་ཅེས་བཤད།

    འདི་ལོ་ལོ་76ལ་སླེབས་པའི་ཀུན་བཟང་ལྷ་ས་གྲོང་ཁྱེར་རབ་གསལ་སྡེ་ཁུལ་རམས་པ་སྨད་སྒོ་རའི་ནང་དུ་སྡོད་ཀྱི་ཡོད་ལ། ཕྱོགས་བཞི་ནས་ལྷགས་པ་འཛུལ་ཡོང་བའི་སྡོད་ཁང་རྙིང་པ་ནས་གུ་དོག་ལ་ཐབས་ཆག་གི་བོགས་གཏོང་ཁང་པའི་བར་དང་། ཁྱིམ་ཚང་གཅིག་གི་མི་རབས་ཁ་ཤས་ཁང་མིག་གཅིག་དང་ཕྱེད་ཁའི་ནང་འཚང་ཁ་རྒྱག་པ་ནས་ད་ཆའི་ཁྱིམ་མི་རེ་རེར་སོ་སོའི་ཁང་པ་ཡོད་པའི་བར་ཏེ། རྒད་པོ་ཀུན་བཟང་གིས་འབྱོར་འབྲིང་འཚོ་བའི་རྣམ་པ་རང་ཁྱིམ་གྱི་སྡོད་མལ་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པའི་ཁྲོད་ནས་གསལ་པོར་མངོན་ཡོང་གི་འདུག་ཅེས་བཤད་པ་རེད།

    1991ལོར། རྒད་པོ་ཀུན་བཟང་ཉིང་ཁྲི་ས་ཁུལ(ད་ཆའི་ཉིང་ཁྲི་གྲོང་ཁྱེར)ནགས་ཚལ་བཟོ་ཚོང་མཉམ་འབྲེལ་ཀུང་སི་ནས་ལས་འཁྱུར་ངལ་གསོ་བརྒྱབ་རྗེས་ལྷ་སའི་རབ་གསལ་སྡེ་ཁུལ་ཉེ་འགྲམ་གྱི་ཁང་མིག་གཅིག་དང་ཕྱེད་ཀ་བོགས་མར་བླངས་ནས་གཞིས་ཆགས་པ་ཞིག་རེད།

    “སྐབས་དེ་དུས་ཀྱི་སྡོད་སའི་ཁོར་ཡུག་བཙོག་ཅིང་ཞན་པ་སྟེ་གསང་སྤྱོད་ལ་འགྲོ་བར་ཡང་སྟབས་བདེ་པོ་མེད”ཅེས་ཀུན་བཟང་གིས་ཕྱིར་དྲན་བྱེད་བཞིན་དུ་བཤད།

    1999ལོར། ཀུན་བཟང་གིས་རབ་གསལ་སྡེ་ཁུལ་རམས་པ་སྨད་སྒོ་རའི་ནང་གི་སྨི་ངོས་གྲུ་55ཡོད་པའི་སྡོད་ཁང་ཞིག་ཉོས་པ་དེ་བར་སྐོར་དང་ཐག་ཉེ་ཞིང་ཉི་མ་ཡང་ཡག་པོ་ཡོད་པ་མ་ཟད། ཉེ་འགྲམ་དུ་གསང་སྤྱོད་ཡོད་པས་སྟབས་བདེ་པོ་ཡོད་པ་རེད།

    “མདོང་ལམ་དང་གློག་སྐུད་སོགས་ལ་རྟག་པར་གནད་དོན་ཐོན་གྱི་འདུག སྲང་ལམ་དོག་ལ་ལམ་ངོས་ཀྱང་བདེ་པོ་མི་འདུག གང་སར་བཙོག་ཆུས་ཁེངས་ཀྱང་ཕྱིར་འབུད་དཀའ” སྡོད་ཁང་གསར་པར་སྤོས་རྗེས་ཀུན་བཟང་དང་ཁོང་གི་ཁྱིམ་མཚེས་ཚོས་གནད་དོན་ཡོད་པ་ཤེས།ཀུན་བཟང་གི་སེམས་ཁྲལ་དེ་དག་ལ་ཏང་དང་སྲིད་གཞུང་གིས་སྔ་ས་ནས་དོ་སྣང་བྱུང་ཡོད། 2002ལོར། རྒྱལ་ཁབ་ཀྱིས་ཆེད་དངུལ་སྒོར་དུང་ཕྱུར་1.69བཏང་ནས་གྲོང་ཁུལ་རྙིང་པའི་འགྲོ་ལམ་དང་ཆུ་འདོན་ཆུ་འབུད་མདོང་དྲ་སྒྱུར་བཀོད་འཛུགས་སྐྲུན་རྣམ་གྲངས་སྤེལ་ཞིང་། ཤར་གླིང་སྐོར་ཤར་ལམ་ནས་ནུབ་རྡོ་སེང་གེ་ལམ་བར་དང་ལྷོ་ཅང་སུའུ་ལམ་ནས་བྱང་གླིང་སྐོར་བྱང་ལམ་བར་ཏེ་རྣམ་གྲངས་སྤེལ་ཁྱོན་སྤྱི་ལེ་ངོས་གྲུ་1.3ཟིན་པ་དེ་ཁྲེང་ཀོན་ཆུས་ཀྱི་དོན་གཅོད་ཁྲུའུ་4དང་གྲོང་མིའི་ཨུ་ལྷན་15དང་འབྲེལ་ཡོད་ལ། སྒྱུར་བཀོད་ནང་དོན་གཙོ་བོ་ནི་འགྲོ་ལམ་དང་ཆུ་འབུད་མདོང་ལམ་ཉམས་བཟོ་བྱ་རྒྱུ་དང་གསང་སྤྱོད་ཚང་མ་ཆུ་བཤལ་གསང་སྤྱོད་དུ་བསྒྱུར་རྒྱུ་སོགས་ཡིན་པ་རེད།

    “སྒྱུར་བཀོད་མ་བྱས་གོང་། སྲིད་གཞུང་གིས་ང་ཚོ་གྲོང་ཁུལ་རྙིང་པའི་མང་ཚོགས་ཀྱི་འཐུས་མིའི་བསམ་འཆར་བསྡུ་ལེན་བྱས་བྱུང་། དེས་མ་ཟད་ད་དུང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱེད་རིང་ཚང་མའི་བསམ་འཆར་དང་ལེན་ཡག་པོ་བྱས་བྱུང”ཞེས་ཀུན་བཟང་གིས་གསར་འགོད་པར་བཤད་པ་དང་། སྒྱུར་བཀོད་བྱས་རྗེས། ཀུན་བཟང་དང་གྲོང་ཁུལ་རྙིང་པར་འཚོ་བ་རོལ་བའི་གྲོང་མི་གཞན་དག་ཚོའི་ཁྲོན་ཆུ་འཐུང་བ་སོགས་ཀྱི་འཚོ་བ་མཇུག་འགྲིལ་བ་རེད།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། 2012ལོར། ཀུན་བཟང་དང་གྲོང་མི་ཚོས་གནད་དོན་གཞན་ཞིག་ཤེས་རྟོགས་བྱུང་བ་སྟེ། གྲོང་ཁུལ་གྱི་སྲང་ལམ་གཞོགས་གཉིས་སུ་ཐང་ཁྲོམ་བཤམས་ནས་དེ་སྔའི་གུ་དོག་པའི་འགྲོ་ལམ་སྔར་བས་གུ་དོག་པ་དང་། གྲོང་ཁུལ་རྙིང་པའི་གྲོང་སྲིད་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པའི་གནད་དོན་མངོན་གསལ་དོད་དུ་ཕྱིན་ནས་མེ་སྐྱོན་སོགས་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་ལྷག་པ་རེད།

    2012ལོར། སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར་15བཏང་ནས་ལྷ་སའི་གྲོང་ཁུལ་རྙིང་པ་སྒྱུར་བཀོད་ལས་གྲྭ་སྤེལ་འགོ་ཚུགས་ཤིང་། སྒྱུར་བཀོད་ནང་དོན་གྲས་སུ་ས་འོག་ཕྱོགས་བསྡུས་མདོང་ལམ་དང་། ཆུ་འདོན་ཆུ་འབུད་སྒྱུར་བཀོད། མེ་ཟོན་ཐད་ཀྱི་མངོན་མེད་རྐྱེན་ངན་བཅོས་སྒྲིག་སོགས་གྲོང་མིའི་འཚོ་བ་དང་འབྲེལ་བའི་ཕྱོགས་མང་པོ་ཚུད་ཡོད། སྒྱུར་བཀོད་ལེགས་སྒྲུབ་བྱས་རྗེས་ཀྱི་དགོང་མོ་ཞིག་ལ། ཀུན་བཟང་དང་གྲོང་མི་ཚོ་གཙང་སྦྲ་དོད་པའི་རྡོ་གཅལ་སྟེང་དུ་འགྲོ་ཞོར“ཆུ་གློག་དང་། ལམ་སྒྲོན། ཁྲོམ་གཞུང་སོགས་སྒྱུར་བཀོད་ཡག་པོ་བྱུང་བ་དང་། ཐ་ན་གད་སྙིགས་བླུག་ས་ཡང་ཡག་པོ་བཞག་ཡོད་པས་ང་ཚོའི་དུས་རྒྱུན་གྱི་འཚོ་བ་དང་ཕྱིར་སྐྱོད་ཧ་ཅང་སྟབས་བདེ་རུ་ཕྱིན་འདུག གུང་ཁྲན་ཏང་གིས་མ་གཏོགས་ང་ཚོ་མི་སེར་དཀྱུས་མ་ཐུགས་ལ་ཉར་བ་དང་མི་སེར་གྱི་དོན་དག་དོན་ཆེན་ཨང་དང་པོར་བརྩིས་ནས་སྒྲུབ་མཁན་ཡོད་པ་མ་རེད”ཅེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད།

    2014ལོར། ཀུན་བཟང་གིས་སྡོད་ཁང་ལ་སླར་ཡང་མཛེས་བཟོ་བྱས་ཏེ་བྱུག་རྩི་དང་། པང་གཅལ། དྲ་ཡོལ་སོགས་གསར་པ་གསར་རྐྱང་བཟོས་རྗེས་ད་དུང་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་དང་འཁྱགས་སྒམ་སོགས་གློག་ཆས་ཀྱང་མང་པོ་ཉོས་པ་རེད།

    “དུས་རབས་གསར་པར་བསླེབས་རྗེས་གཞིས་སྡོད་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད། ད་དུང་སྤྱི་ཚོགས་འགན་སྲུང་དང་། སློབ་གསོ། སྨན་བཅོས་སོགས་ཀྱི་ཐད་ཀྱང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་ནས། མི་སེར་ཚོར་སྐྱིད་སྣང་ཟབ་མོ་བྱུང་ཡོད། འདི་ལྟ་བུའི་འབྱོར་འབྲིང་འཚོ་བ་ཇི་ཙམ་བསྐྱལ་ན་ང་ཚོ་དེ་ཙམ་གྱིས་གཞོན་དུ་འགྲོ་གི་འདུག”ཅེས་ཀུན་བཟང་གིས་སྐོར་བྲོ་འཁྲབ་བཞིན་དུ་དགའ་སྤྲོའི་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།