དབུ་ཤོག>ཆེད་སྒྲིག
  • “གང་ལྟར་ཉིན་ཞིག་བགྲོད་ལམ་དེ་པེ་ཅིང་བར་དུ་ཤར་གཏོང་ཐུབ་ངེས་རེད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2021-05-12

    དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་བོད་ལྗོངས་ལྷོ་ཁ་ས་ཁུལ་མཚོ་སྣ་རྫོང་ལམ་ཕུག་ཤང་ཆུ་ནག་གྲོང་ཚོར། མི་ཧྲེང་རྒན་རྒོན་ཞིག་གིས་ལམ་བཟོའི་ལས་ལ་གཞོལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་ཅིག་གྲགས་ཁྱབ་ཆེན་པོ་བྱུང་བ་སྟེ། བགྲེས་སོང་ཞིག་གིས་ལོ་15ཡི་རིང་འོས་འགན་ངང་འགྲོ་ལམ་ཉམས་གསོ་བྱས་པ་དེ་རེད། འདི་ནི་མི་བགྲོད་རྟ་ལམ་ཞིག་ཡིན་རུང་དེའི་ནང་བོད་རིགས་བགྲེས་སོང་ཞིག་དང་གུང་ཁྲན་ཏང་ཡོན་དཀྱུས་མ་ཞིག་གིས་ཐོག་མཐའ་བར་གསུམ་དུ་འཆང་བའི་འདུན་པ་དང་བླ་ན་མེད་པའི་བསམ་ཚུལ་འདུས་ཡོད།

    རྡོ་རྗེ་ཚེ་རིང་ནི་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལྷོ་བྲག་རྫོང་གི་མངའ་བདག་ཅིག་གི་བྲན་གཡོག་ཡིན་པ་དང་ཆུང་བྱིས་པའི་དུས་ནས་ཕ་མ་གཉིས་ཀ་ཚེ་ལས་འདས། ལོ་22ལ་སླེབས་པའི་ལོ་དེར་ཕྱག་མཛོད་ཀྱིས་མནར་གཅོད་དྲག་པོ་བཏང་བ་མ་བཟོད་པར་རང་ཡུལ་ནས་བྲོས། བྲོས་ཀྱིན་བྲོས་ཀྱིན་སློང་གིན་སློང་གིན་བྱས་པས་ན།“བདེ་བ་ཅན་གྱི་ཞིང་ཁམས”ལྟ་བུར་མཐོང་བའི་གནས་ཏེ་ཆུ་སྣ་ལུང་ཤུར་དུ་འབྱོར། སྐབས་དེ་དུས་བོད་ཡངས་ཤིང་རྒྱ་ཆེ་རུང་རི་ལ་རི་ཡི་བདག་པོ་དང་ཆུ་ལ་ཆུ་ཡི་བདག་པོ་ཡོད་པས་རྡོ་རྗེ་ཚེ་རིང་སྔར་བཞིན་ས་གནས་དེ་གའི་མངའ་བདག་གི་བྲན་བཀོལ་ལས་ཐར་ཐབས་བྲལ། 1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་པ་ནས་བཟུང་། མུན་ནག་གི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་མེད་པ་བཟོས་པ་དང་སྤྱི་ཚོགས་ཀྱི་ལམ་ལུགས་གསར་རྐྱང་ཞིག་བཙུགས་པ་བརྒྱུད། མི་དམངས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་ནས་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་གྱུར་ཏེ། བོད་ཀྱི་མི་དམངས་རྣམས་རང་ཁྱིམ་རང་བདག་གི་དུས་རབས་གསར་པ་གཏོད་འགོ་ཚུགས་ལ་མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ཐོག་གི་འོད་སྟོང་འཕྲོ་བའི་ལེའུ་ཡང་རྩོམ་འགོ་ཚུགས། མི་ཚེ་ཕྱེད་ཀ་བྲན་གཡོག་བྱེད་དགོས་བྱུང་བའི་རྡོ་རྗེ་ཚེ་རིང་ལ་མི་ལུས་རང་དབང་ཐོབ་པ་དང་རང་ཉིད་ལ་དབང་བའི་ས་ཞིང་དང་། ཁང་པ། ཕྱུགས་ཟོག ཐོན་སྐྱེད་ཡོ་བྱད་བཅས་རག་པ་མ་ཟད། བཅའ་ཁྲིམས་ཀྱིས་སྤྲད་པའི་ཆབ་སྲིད་དབང་ཆ་ཡང་ལོངས་སུ་སྤྱོད་རྒྱུ་བྱུང་། དུས་དེ་ནས་བཟུང་བགྲེས་སོང་ཁོང་གིས་གུང་ཁྲན་ཏང་འདི་ཉིད་རང་ཉིད་ཀྱི་ཕ་མ་ལྟ་བུར་བརྩིས་ཀྱི་ཡོད། 

    1962ལོར་རྡོ་རྗེ་ཚེ་རིང་ཀྲུང་གོ་དང་རྒྱ་གར་དབར་གྱི་རང་སྲུང་རྒོལ་ལན་སྤྲོད་པའི་དམག་འཐབ་ཀྱི་གཡུལ་ས་མདུན་མར་རྒྱབ་སྐྱོར་བྱེད་པའི་ནང་ཞུགས་ཤིང་། གཡུལ་ས་མདུན་མར་རྒྱབ་སྐྱོར་བྱེད་རིང་ཀྲུང་གོ་གུང་ཁྲན་ཏང་དང་མི་དམངས་བུ་ཕྲུག་དམག་ལ་བཅངས་པའི་དགའ་ཞེན་ཚད་མེད་ཀྱི་སེམས་པ་སྔར་བས་ཟབ་ཏུ་སོང་། དེས་ན་ཁོང་གི་བསམ་པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་ནས་ཚད་ལོན་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་ཞིག་བྱ་རྒྱུའི་འདུན་པ་བཟང་པོ་ཞིག་སྐྱེས། 1974ལོར་ཁོང་གིས་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་དང་པོ་ཕུལ། རང་ཉིད་ཀྱི་རེ་འདུན་འགྲུབ་པའི་ཆེད་དུ་ཁོང་གིས་ཏང་ནང་དུ་ཞུགས་པའི་ཞུ་ཡིག་ལོ་ལྟར་འབྲི་བ་དང་ཐ་ན་ཟླ་བ་མི་རེ་ངོ་རེར་འབྲི་གི་ཡོད། ལོ་དྲུག་བཅུ་རེ་གྲངས་ལ་སླེབས་ཀྱང་ཁོང་གིས་སྔར་བཞིན་རང་ཉིད་ལ་རེ་བ་ནན་པོ་བཏོན། ཐུན་མོང་གི་ཆེད་དུ་ཁོང་གིས་སྒེར་དོན་བློས་གཏོང་བྱས་ཤིང་། མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་ཁོང་གིས་དུས་ཐོག་ཏུ་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས། མཉམ་སྡེབ་ལ་དཀའ་ངལ་འཕྲད་པ་དང་མང་ཚོགས་ལ་རོགས་རམ་མཁོ་བའི་སྐབས་སུ། ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་དཔའ་ངར་ཆེན་པོས་མདུན་དུ་ཤོར། ལོ་16རིང་ཏང་ནང་ཞུགས་རྒྱུའི་ཞུ་ཡིག་534བྲིས་པ་དང་ཁོང་གི་བྱ་སྤྱོད་དངོས་ལས་ཏང་ལ་ལྷག་བསམ་རྣམ་དག་བྱེད་ལུགས་དང་རྡོ་རྗེ་བྲག་ལྟར་བརྟན་པའི་ཆོད་སེམས་མཚོན།

    1981ལོར་ལོ་63ལ་སླེབས་པའི་རྡོ་རྗེ་ཚེ་རིང་ལོ་ན་རྒས་པས“འགན་ལེན་ལྔའི་དུད་ཚང”དུ་གཏན་འཁེལ་བྱས། དེ་སྔ་ཕྱུགས་རིགས་རང་གི་ཕྲུ་གུར་བརྩིས་པ་དང་ཐོན་སྐྱེད་རུ་ཁག་གི་འབྲོག་ལས་འཕེལ་རྒྱས་ཆེད་བྱས་རྗེས་ཆེན་པོ་བཞག་མཁན་རྡོ་རྗེ་ཚེ་རིང་སོས་དལ་དུ་སྡོད་མི་འདོད་ཅིང་། ལས་ཀ་ཞིག་བྱས་ནས་ཏང་དང་ཡུལ་མི་སྤུན་ཟླ་ཚོར་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱ་རྒྱུའི་འདུན་པ་འཆང་མཚམས་ད་བར་ཆད་མྱོང་མེད། དེས་ན་ཁོང་གིས་ཕྲག་པར་སྦྱག་མ་ཁུར་ནས་བགྲོད་ལམ་ཉམས་གསོ་བྱེད་འགོ་བརྩམས། དུས་དེ་ནས་བཟུང་བགྲེས་སོང་རྡོ་རྗེ་ཚེ་རིང་གིས་ལོ་63ནས་78བར་གྱི་ལོ་15ཏག་ཏག་ཆར་རླུང་ལ་མི་བལྟོས་པར་ཉིན་ལྟར་སྦྱག་མ་རེ་རེ་དང་འཇོར་རེ་རེ་བྱས་ནས་ཆུ་ནག་གྲོང་ཚོ་དང་དགའ་རུ་གྲོང་ཚོ་བར་གྱི་ལམ་ཐག་སྤྱི་ལེ་6ཙམ་ཡོད་པའི་འཕྲང་ལམ་ཉམས་གསོར་གཞོལ། སྔོན་ཆད་ར་ལུག་ཡང་ཐར་དཀའ་བའི་རི་ལམ་དེ་ད་ཆ་མི་ཕྱུགས་གཉིས་ཀ་ཤར་བགྲོད་ཐུབ་པའི་ལམ་བདེ་པོ་ཞིག་ཏུ་གྱུར།

    རྡོ་རྗེ་ཚེ་རིང་གིས་བགྲོད་ལམ་ཉམས་གསོ་བྱེད་པའི་རི་ཁུལ་ནི་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་ཡོད་པའི་རི་མཐོ་གཡང་གཟར་ལ་འདམ་རྡོའི་ཆུ་རུད་ཡང་སེ་ཐོན་གྱི་ཡོད། ཡར་ལ་བཏེགས་ན་བྲག་རི་དང་མར་ལ་བལྟས་ན་ལང་ལོང་དུ་རྒྱུག་པའི་ཆུ་ནག་ཡིན་པས་གཟབ་གཟབ་མ་བྱས་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་པ་ནི་སྨོས་ཅི་དགོས།

    ལོ་ཞིག་གི་དགུན་ཁར་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལྷག་ཙམ་དུ་སླེབས། བགྲེས་སོང་ཁོང་གིས་གྲང་ངར་ལ་མ་འཛེམས་པར་ལམ་ངོས་ཀྱི་འཁྱགས་པ་གཅོག་པའི་སྐབས། སྟབས་མི་ལེགས་པར་སྟེང་ནས་ཟགས་པའི་འཁྱགས་རྡོག་ཅིག་མིག་གཡོན་མར་ཐེབས་ནས་ཁྲག་མང་པོ་དོན་པ་དང་སྦྲགས་ན་ཟུག་དྲག་པོའང་བཏང་། སྐབས་འདིར་ཡུལ་མི་ཚོས་ཁོང་ལ་ཕྱིས་སུ་ལམ་བཟོ་བར་འགྲོ་རྒྱུ་མེད་པའི་ཁ་ཏ་བྱས་མོད། འོན་ཀྱང་ཁོང་གིས“ང་ད་བར་འཚོ་ཐུབ་པ་ནི་ཡུལ་མི་སྤུན་ཟླ་ཚོས་ལྟ་རྟོག་བྱས་པ་དང་གུང་ཁྲན་ཏང་གི་བཀའ་དྲིན་རེད། ཚེ་མཇུག་ལ་ནུས་པས་གང་ལྕོགས་ཀྱིས་ལས་ཀ་ཕྲན་བུ་བྱས་པ་ནི་བྱེད་འོས་པ་ཞིག་ཡིན། ད་ཆ་ང་ཚོའི་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་མེད་རུང་གང་ལྟར་ཉིན་ཞིག་བགྲོད་ལམ་དེ་པེ་ཅིང་བར་དུ་ཤར་གཏོང་ཐུབ་ངེས་རེད”ཅེས་བཤད། ཟླ་བ་གཉིས་སོང་རྗེས་རྨས་སྐྱོན་དྲག་སྐྱེད་ཡག་པོ་མ་བྱུང་ཡང་བགྲེས་སོང་ཁོང་གིས་སྔར་བཞིན་འཇོར་དང་སྦྱག་མ་ཁུར་ནས་བགྲོད་ལམ་ཉམས་གསོ་བྱེད་པར་བསྐྱོད། ལམ་དེ་ཤར་བགྲོད་ཐུབ་པའི་ཆེད་དུ་ཁོང་གིས་དཀའ་ལས་མང་པོ་བརྒྱབ།

    1991ལོའི་ཟླ་1ཚེས་7ཉིན་རྡོ་རྗེ་ཚེ་རིང་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་རྒྱུ་བྱུང་ནས་ལོ་མང་རིང་གི་བསམ་འདུན་གྲུབ། 1994ལོ་དང་1995ལོར་ཁོང་མཚོ་སྣ་རྫོང་གི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ལ་ཐེངས་གཉིས་བདམས་པ་དང་རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་སློབ་སྦྱོང་བྱེད་པའི་མིག་དཔེར་གྱུར།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།