
འདི་ནི་ཝང་ཅིང་མེ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
1925ལོའི་ཟླ་8པར། ཆིང་ཏོའོ་རུ་ནད་གཞིས་རྐྱེན་པས་ཉལ་ཁྲིར་ལུས་པའི་གཞོན་ནུ་ཞིག་གིས་འཆི་ལ་ཁད་དུ་ཉེ་འགྲམ་གྱི་བློ་མཐུན་རྣམས་ལ“བློ་མཐུན་ཚང་མས་ལས་ཀ་ཡག་པོ་བྱས་ཏེ་འབྱོར་མེད་གྲལ་རིམ་དང་། དེ་བཞིན་མིའི་རིགས་ཡོངས་ཀྱི་བཅིངས་འགྲོལ་དང་གུང་ཁྲན་རིང་ལུགས་རྦད་དེ་མངོན་འགྱུར་ཡོང་ཆེད་འབད་འཐབ་མཐར་ཕྱིན་པ་བྱ་རྒྱུའི་རེ་བ་ཡོད”ཅེས་ཁ་ཆེམས་བཞག
ཁོང་ནི་ཝང་ཅིང་མེ་ཡིན་ཞིང་། གྲོངས་དུས་ལོ་27ལ་སླེབས་ཙམ་རེད། ཁོང་ནི་ཀྲུང་གོ་གུང་ཁྲན་ཏང་འཛུགས་མཁན་གྱི་གྲས་དང་། ཧྲན་ཏུང་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་པ་དང་འགོ་ཁྲིད་པ་སྔ་ཤོས་དང་། ཀྲུང་གུང་ཚོགས་ཆེན་དང་པོའི་འཐུས་མིའི་ཁྲོད་གྲོངས་སྔ་ཤོས་རེད།
1918ལོར། ལོ་20སླེབས་ཙམ་ཡིན་པའི་ཝང་ཅིང་མེ་ཕ་ཡུལ་ནས་ཧྲན་ཏུང་ཞིང་ཆེན་གྱིས་བཙུགས་པའི་དགེ་འོས་སློབ་ཆེན་དང་པོར་རྒྱུགས་འཕྲོད།
ཝང་ཅིང་མེ་ཡིས་ཅིས་ནན་དུ་སློབ་གཉེར་བྱེད་རིང་། ལྔ་བཞིའི་རྒྱལ་གཅེས་ལས་འགུལ་ནང་ཧུར་ཐག་ཞུགས་པ་དང་། ཧྲན་ཏུང་སློབ་མའི་མཉམ་འབྲེལ་མཐུན་ཚོགས་ཀྱི་འགན་འཁུར་བའི་གྲས་སུ་མིང་བཏོན་འདེམས་བསྐོ་བྱས། 1920ལོའི་ཟླ་3པར། པེ་ཅིང་སློབ་ཆེན་མར་ཁེ་སི་གཞུང་ལུགས་ཀྱི་ཞིབ་འཇུག་ལྷན་ཚོགས་བཙུགས་རྗེས། ཁོང་ཡུལ་གཞན་གྱི་ཚོགས་མིའི་གྲས་སུ་བཅུག ལོ་དེའི་ཟླ་11པར་ཁོང་དང་ཏེང་ཨེན་མིང་སོགས་ཀྱིས་ཡར་སྐུལ་སློབ་ཚོགས་བཙུགས་པ་དང་། 《ཡར་སྐུལ》ཟླ་ཕྱེད་དུས་དེབ་བཏོན་ཡོད། ཟླ་ཕྱེད་དུས་དེབ་དེའི་ཐོག་བསམ་བློ་གསར་པ་དང་རིག་གནས་གསར་པ་དྲིལ་བསྒྲགས་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་སྒྱུར་བཀོད་སྐོར་གྱི་འབྲེལ་ཡོད་རྩོམ་ཡིག་མང་པོ་བཏོན་ནས་དུས་རབས་ཀྱི་སྐྱོན་ཆར་སུན་འབྱིན་དང་གཞོན་ནུའི་བློ་སྒོ་ཕྱེ་ཡོད།
1921ལོར་ཁོང་དང་ཏེང་ཨེན་མིང་གིས་ཅིས་ནན་ཀྲུང་གོ་གུང་ཁྲན་ཏང་རྩ་འཛུགས་ཀྱི་འཐུས་མི་སྔ་ཤོས་ཡིན་པའི་ངོས་ནས་ཧྲང་ཧའེ་རུ་ཀྲུང་གོ་གུང་ཁྲན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དང་པོར་ཞུགས། འདི་གར་ཁོང་ལ་བློ་སེམས་གཅིག་མཐུན་གྱི་བློ་མཐུན་འབོར་ཆེན་ཞིག་འཕྲད་ནས་ཕན་ཚུན་དབར་བག་ཆགས་ཟབ་མོ་བྱུང་ཡོད།
ཧྲང་ཧའེ་ནས་ཕྱིར་ལོག་རྗེས། ཝང་ཅིང་མེ་ཡིས་ལམ་སེང་ཟིལ་རླབས་དགུང་འཕྱུར་གྱི་གསར་བརྗེའི་ལས་འགུལ་ནང་ཞུགས། ཀྲུང་གུང་ཀྲུང་དབྱང་གི་འཐུས་མིའི་མཛུབ་ཁྲིད་འོག ཁོང་གིས་ཧྲན་ཏུང་དུ་ཀྲུང་གོ་གུང་ཁྲན་ཏང་ཧྲན་ཏུང་ཁུལ་གྱི་ཀྲི་པུའུ་བཙུགས་པ་དང་ཧྲུའུ་ཅི་བྱས། 1922ལོའི་ཟླ་1པོར། ཁོང་གིས་མོ་སི་ཁོ་རུ་རྒྱང་ཤར་རྒྱལ་ཁབ་ཁག་གི་གུང་ཁྲན་ཏང་དང་དེ་བཞིན་མི་རིགས་གསར་བརྗེའི་ཚོགས་པའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོར་ཞུགས། ལོ་དེའི་ཟླ་7པར། ཁོང་གིས་སླར་ཡང་ཧྲང་ཧའེ་རུ་ཏང་གི་ཚོགས་ཆེན་གཉིས་པར་ཞུགས། ཁོང་ཞུགས་ནས་ཟིན་བྲིས་སུ་བཀོད་པའི《ངལ་རྩོལ་བཅའ་ཁྲིམས་ཀྱི་རྩ་འཛིན་ཆེ་མོ》དེ་སྐབས་དེར་ཏང་གིས་བཟོ་པའི་ལས་འགུལ་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་དུ་གྱུར།
ཝང་ཅིང་མེ་ཡིས་ཧྲན་ཧའེ་ཀོན་དང་། ཆིང་ཧོང་ཏའོ། ཀོང་ཀྲོའུ། ཐེན་ཅིན། ཅིས་ནན། ཆིང་ཏའོ། ཆིང་ཀྲོའུ། ཝེ་རྫོང་སོགས་ས་ཕྱོགས་གང་སར་བསྐྱོད་ནས་མི་རིགས་དར་རྒྱས་དང་། མི་དམངས་ཀྱི་གོ་རྟོགས་སད་པའི་ཆེད་དུ་རང་ནུས་ཡོད་རྒུ་ལེགས་སྐྱེས་ཕུལ་ཡོད། དུས་ཡུན་རིང་པོ་རང་དོར་གཞན་གཅེས་ཀྱི་སྒོ་ནས་ལས་དོན་སྒྲུབ་པ་དང་དཀའ་ཚེགས་ཆེ་བའི་འཚོ་བ་ལས་ཁོང་ལ་འདུས་འདྲིལ་གཅོང་ནད་ཕོག དེ་ལྟར་ཡིན་རུང་། ཁོང་གིས་སྔར་བཞིན་ཅའོ་ཅིས་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོ་དང་ཕྱོགས་བཞི་འཕྲུལ་ཆས་བཟོ་གྲྭའི་བཟོ་པའི་ལས་མཚམས་ཆེ་མོ་འཇོག་པ་སོགས་ལ་སྒྲིག་འཛུགས་དང་འགོ་ཁྲིད་བྱས་ཏེ་མ་གྲོངས་བར་འཐབ་ས་མདུན་ཤོས་སུ་དཀའ་སྤྱད་ལས་ལ་གཞོལ།
ཝང་ཅིང་མེ་ཡི་ཕ་ཡུལ་ཧྲན་ཏུང་ཞིང་ཆེན་ཀྲུའུ་ཁྲེང་གྲོང་ཁྱེར་ཀྲེ་ཀོའུ་གྲོང་རྡལ་དུ་ཉེ་བའི་ལོ་ཤས་རིང་ཡུལ་དེས་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་འཚོལ་ཞིབ་བྱས་ཏེ་ཝང་ཅིང་མེ་ཡི་དེ་སྔའི་བཞུགས་གནས་ཉམས་བཟོ་བྱས་པ་དང་། ཅིང་མེ་ལས་བྱེད་པའི་སློབ་གླིང་དང་། པེ་ཤིང་གྲོང་ཚོའི་ལོ་རྒྱུས་འགྲེམས་ཁང་། ཏང་འཛུགས་སྐྱོང་མཉམ་འདྲེས་མཉམ་འབྲེལ་ཁང་སོགས་གསར་བརྗེའི་རིག་གནས་བརྒྱུད་སྤེལ་རྟེན་གཞི་བཙུགས་ཏེ་ཅིང་མེ་གསར་བརྗེའི་གྲོང་རྡལ་ཆུང་ངུ་བཏོད་ཡོད།
“ཡིག་རིས་ཀྱི་དཔྱད་གཞི་དང་། ཅ་དངོས་འགྲེམས་སྟོན་སོགས་ཀྱི་བྱ་ཐབས་སྤྱད་དེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་དང་དེ་བཞིན་ཡུལ་དེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་དང་། འཕེལ་རྒྱས་བརྒྱུད་རིམ། འཕོ་འགྱུར་བཅས་མངོན་པར་བྱས་པ་དང་། ཅ་དངོས་རེ་རེ་ལས་ལོ་རྒྱུས་རེ་མཚོན་པ་དང་། པར་རིས་རེ་རེ་ལས་འཕོ་འགྱུར་རེ་ཟིན་ཐོར་འགོད་པ། དངོས་ལྗོངས་རེ་རེ་ལས་དྲན་འཆར་རེ་རེ་མངོན་པ་བཅས་བྱས་ཏེ་ས་ཁོངས་རང་བཞིན་གྱི་ཏང་གཤིས་སློབ་གསོའི་རྟེན་གཞི་བཏོད་ཡོད”ཅེས་ཀྲི་ཀོའུ་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བརྗོད།