དཔྱིད་ཀྱི་དུས་སུ་ས་མཐོའི་གང་སར་དཔྱིད་དཔལ་རབ་ཏུ་བཞད། གསར་འགོད་པ་ལྷ་ས་གྲོང་ཁྱེར་ཤར་འདབས་ཀྱི་སྟག་རྩེ་ཆུས་འབྲོམ་ཐོད་ཤང་གླིང་ལྔ་གྲོང་ཚོའི་ལོ་62ལ་སླེབས་པའི་མིང་ལ་བཅིངས་འགྲོལ་ཞེས་འབོད་པའི་བོད་རིགས་བགྲེས་སོང་ཞིག་འཚོལ་བར་ཕྱིན།
དྲོ་འཇམ་ཉི་འོད་འོག་བགྲེས་སོང་ཁྱིམ་གྱི་སྒོ་རར་དཔྱིད་དཔལ་རྒྱས་ནས་མེ་ཏོག་རྣམ་པར་བཀྲ་བ་བཞད། བགྲེས་སོང་གིས་མེ་ཏོག་ལ་ཆུ་རྒྱག་བཞིན་དུ“བཅིངས་འགྲོལ་ཞེས་པའི་མིང་འདི་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་བཏགས་པ་ཞིག་རེད། མིང་འདིས་ང་ཚོའི་ནང་མིའི་ལས་དབང་ལ་འགྱུར་ལྡོག་ཕྱིན་པ་མཚོན་གྱི་ཡོད”ཅེས་བཤད།
1951ལོའི་ཟླ་5ཚེས་23ཉིན་པེ་ཅིང་དུ《བོད་ཞི་བས་བཅིངས་འགྲོལ་གཏོང་བའི་བྱ་ཐབས་སྐོར་གྱི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་གྲོས་མཐུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་བའི་ཁྱབ་བསྒྲགས་བྱས། “བཅིངས་འགྲོལ”ཞེས་པའི་ཚིག་འདི་ཡང“བཅིངས་འགྲོལ་དམག་མི”སླེབས་པ་དང་བསྟུན་ནས་བོད་དུ་དར།
ལོ་ངོ་70ཡི་རིང་ལོ་རྒྱུས་ཀྱི་དེབ་ཐེར་དུ་འཁོད་པའི་ཞི་བའི་བཅིངས་འགྲོལ་གྱི་དོན་ཆེན་འདི་གངས་ལྗོངས་ཀྱི་བུ་ཕྲུག་ཚོས་བབ་ཆགས་པའི་རྣམ་པར་བརྟེན་ནས་སེམས་ལ་བཞག་པས“བཅིངས་འགྲོལ”ཞེས་པ་འདི་ཡང་བོད་རིགས་མང་ཚོགས་མང་པོའི་མིང་དུ་གྱུར་ཡོད།
བགྲེས་སོང་བཅིངས་འགྲོལ་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་1959ལོར་སྐྱེས་པ་དང་གཅེན་པོ་གཉིས་ལས་བསོད་ནམས་ཆེ་བ་ཡོད། ལོ་དེར་ས་མཐོར་དམངས་གཙོའི་བཅོས་སྒྱུར་བྱས་པ་དེས་མུན་ནག་དང་རྗེས་ལུས་ཀྱི་བོད་རྙིང་པའི་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་རྦད་དེ་རྩ་མེད་བཏང་ནས་ཞིང་བྲན་ཁྲི་ཚོ་བརྒྱ་ཡི་ལྕཌ་སྒྲོག་བཀྲོལ་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་བཅིངས་འགྲོལ་དམག་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་མི་རབས་ནས་མི་རབས་ལ་གཉའ་གནོན་གཏོང་མཁན་མངའ་བདག་ཆེན་པོ་གསུམ་གཏོར་བ་རེད།
“གལ་ཏེ་གཅེན་པོ་གཉིས་ལོ་ཁ་ཤས་ཀྱིས་ཕྱི་བ་སྐྱེས་ན་ད་ལྟའི་བདེ་སྐྱིད་འཚོ་བ་མཐོང་ཐུབ”བཅིངས་འགྲོལ་གྱི་གཅེན་པོ་གཉིས་ཞི་བས་བཅིངས་འགྲོལ་མ་བཏང་གོང་སྐྱེས་པས་རྒྱུན་དུ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་མི་དྲོས་སྟབས་དམར་འབྱར་སྐབས་ནས་གྲོངས།
“ཕ་མ་གཉིས་དང་ཁོ་གཉིས་དང་འདྲ་བའི་ཞིང་བྲན་ཚོས་རེ་སྒུག་ཆེན་པོ་བྱས་པ་བརྒྱུད། བོད་དུ་གཞི་ནས་བཅིངས་འགྲོལ་བཏང་བ་རེད”དེ་སྔ་བཅིངས་འགྲོལ་གྱི་ཕ་མས་ཁོང་ལ“བཅིངས་འགྲོལ་དམག་མིས”ཞིང་བྲན་ལ་ས་ཞིང་དང་། ཁང་པ། གོས་བཅས་བགོས་པས། ང་ཚོས་བསམས་ཀྱང་བསམ་མི་ཕོད་པའི་བདེ་སྐྱིད་འཚོ་བ་བསྐྱལ་བ་རེད་ཅེས་རྒྱུན་དུ་བརྗོད་ཀྱི་ཡོད། “བཅིངས་འགྲོལ་དམག་ནི་ཕ་མ་གཉིས་ཀྱི་ངོས་ནས་བརྗོད་ན་སངས་རྒྱས་དངོས་རེད”
ལོ་18ཀྱི་སྐབས་སུ་ཁོང་གཟི་བརྗིད་ལྡན་པའི་ངང་བཅིངས་འགྲོལ་དམག་གི་འཐབ་འཛིང་བར་གྱུར། དེ་ནི་ཁོ་ཚོ་ནང་ཚང་དང་ཐ་ན་གྲོང་ཚོ་ཡོངས་ཀྱི་གཟི་བརྗིད་ཅིག་ཡིན་པས། མི་རྣམས་ཀྱིས་དར་ཚོན་སོགས་བཀལ་ནས་ཁོང་དམག་སྒར་དུ་བསྐྱལ།
1990ལོར་བཅིངས་འགྲོལ་གྱིས་བུ་རྒན་པ་དམག་མིར་བཅུག་པས་ཁྱིམ་དུ་བཅིངས་འགྲོལ་དམག་གི་འཐབ་འཛིང་བ་གཉིས་པ་དེ་ཐོན། “ང་ཚོས་སྲོལ་རྒྱུན་འདི་མུ་མཐུད་དར་སྤེལ་བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་གྱི་ཡིན”ཞེས་བཅིངས་འགྲོལ་གྱིས་བཤད།
གླིང་ལྔ་གྲོང་ཚོའི་བཅིངས་འགྲོལ་སྐྱེས་པའི་ལོ་དེར་སྤྱི་ལེ་བརྒྱ་ཕྲག་ཆོད་པའི་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གཏམ་ཤུལ་གྲོང་ཚོའི་བོད་རིགས་ཕྲུ་གུ་དམར་འབྱར་བུ་མོ་ཞིག་ལ་ཡང“བཅིངས་འགྲོལ”ཞེས་པའི་མིང་འདི་བཏགས།
སྐབས་དེ་དུས་བཅིངས་འགྲོལ་དམག་གིས་གཏམ་ཤུལ་གྲོང་ཚོར་ངོ་ལོག་ཇག་པ་འདུལ་གྱི་ཡོད། ཕྲུ་གུ་བཙའ་གྲབས་ཡིན་པའི་ཨ་མ་འགྲོ་སྐྱོད་སྟབས་བདེ་མེད་པར་བརྟེན་པ་ཕས་མ་སྨད་གཉིས་ཁང་པ་གོག་ཧྲུལ་ཞིག་ནང་ཡིབ་ཏུ་བཅུག་པ་དང་རང་ཉིད་དང་ཨ་ནེ་གསུམ་པ་བཅིངས་འགྲོལ་དམག་གི་དམག་སྒར་དུ་ཡིབ་པར་ཕྱིན། ངོ་ལོག་ཇག་པ་ཕྱིར་འབུད་བྱས་རྗེས་ཁོ་ཚོ་ནང་མི་ཚོས་གཞི་ནས་བློ་བདེ་བག་ཕེབས་ཀྱི་འཚོ་བ་བསྐྱལ་བ་རེད། “གལ་ཏེ་བཅིངས་འགྲོལ་དམག་མེད་ན་ང་རང་དང་ནང་མི་ཚོ་ངོ་ལོག་ཇག་པའི་ལག་ཏུ་ཤི་རྒྱུ་རང་རེད”ཅེས་བཅིངས་འགྲོལ་གྱིས་བཤད།
ཞི་བས་བཅིངས་འགྲོལ་བཏང་རྗེས་གཏམ་ཤུལ་གྲོང་ཚོའི་གྲོང་མིས་རང་ཉིད་ཀྱི་ལས་དབང་ལ་དངོས་སུ་སྟངས་འཛིན་བྱས། བུ་མོ་བཅིངས་འགྲོལ་ལོ་16ལ་སླེབས་པའི་སྐབས་ཧོ་ནན་ཁའེ་ཧྥེང་འཕྲོད་བསྟེན་སློབ་གྲྭར་སྨན་པ་སྦྱོང་བར་འགྲོ་རྒྱུའི་ཐག་བཅད་པས་ནང་མིའི་ཁྲོད་བོད་ནས་རྒྱལ་ནང་དུ་སློབ་སྦྱོང་བྱེད་པར་འགྲོ་མཁན་དང་པོར་གྱུར།
སློབ་གྲྭ་ཐོན་རྗེས་བོད་ཀྱི་གཞི་རིམ་དུ་སྨན་པ་བྱས་ནས་བསྡད་པ་དང་ལོ་བཅུ་གྲངས་རིང་ནད་བཅོས་སྲོག་སྐྱོབ་བྱས་ཏེ་མཚོ་སྨད་རྫོང་གི་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་བྱིས་ནད་ཚན་ཁག་གི་སྨན་པར་གྱུར། “སྐབས་དེ་དུས་པ་ཕས་ང་ལ་བཅིངས་འགྲོལ་ཞེས་འདོགས་དོན་ནི་བཅིངས་འགྲོལ་དམག་གིས་ང་ཚོ་ནང་མི་ཚོར་ཚེ་སྲོག་གསར་པ་བྱིན་པར་ཐུགས་རྗེ་ཆེ་ཞུ་ཆེད་རེད”ཅེས་བཤད།
“བཅིངས་འགྲོལ་དམག་ནི་མི་རིགས་ཁག་གི་གཅེན་གཅུང་ལས་གྲུབ་པའི་མི་དམངས་ཀྱི་དཔུང་སྡེ་ཞིག་ཡིན་པ་དང་། ཁོ་ཚོ་ནི་ང་ཚོར་བཅིངས་འགྲོལ་གཏོང་ཆེད་ཡོང་བ་རེད”བོད་ཞི་བས་བཅིངས་འགྲོལ་གཏོང་སྐབས། བོད་རིགས་ཀྱི་མཁས་དབང་འཇམ་དཔལ་རྒྱ་མཚོ་ནི་ན་ཆུང་ཞིག་ཡིན་པ་དང་དེ་སྔ་སྐད་སྒྱུར་བྱེད་ཀྱིན་དམག་མི་དང་མཉམ་དུ་བོད་དུ་ཡོང་། ས་ཆ་རེར་སླེབས་རིམ་བཞིན་ཁོང་གིས་ས་གནས་དེ་གའི་མང་ཚོགས་ལ་བཅིངས་འགྲོལ་དམག་ངོ་སྤྲོད་བྱེད་ཀྱི་ཡོད།
བོད་རིགས་མང་ཚོགས་ཀྱིས་བཅིངས་འགྲོལ་དམག་ལ་བརྩེ་བ་ཟབ་མོ་འདི་འདྲ་འཆང་དོན་ནི་བཅིངས་འགྲོལ་དམག་བོད་དུ་སླེབས་རྗེས་ཉམས་ཆུང་མི་སེར་མང་ཆེ་བར་བཅིངས་འགྲོལ་བཏང་ནས། ཁོ་ཚོར་སླར་ཡང་རང་དབང་བྱིན་ཏེ་རང་ཉིད་ཀྱི་བདག་པོར་དངོས་སུ་གྱུར་པར་བྱས་པས་རེད། འཇམ་དཔལ་རྒྱ་མཚོས“བཅིངས་འགྲོལ་ཞེས་པའི་མིང་ལ་བོད་རིགས་མང་ཚོགས་ཚོས་བཅིངས་འགྲོལ་དམག་དང་ཏང་ལ་བཅངས་པའི་བརྩེ་བ་འདུས་ཡོད”ཅེས་བཤད།
ཏང་གི་གསོ་སྐྱོང་འོག་འཇམ་དཔལ་རྒྱ་མཚོ་གྲགས་ཅན་བོད་རིག་པའི་མཁས་དབང་དུ་གྱུར་པ་དང་། ཁོང་གིས་ཏང་དང་། རྒྱལ་ཁབ། མི་དམངས་བཅིངས་འགྲོལ་དམག་བཅས་ལ་བརྩེ་བ་ཟབ་མོ་བཅངས་པ་མ་ཟད། ད་དུང་ཆེད་མངགས་བརྩམས་སྒྲུང་ཞིག་བྲིས་ནས་བཅིངས་འགྲོལ་དམག་བོད་དུ་ཡོང་རིང་གི་དཀའ་ཚེགས་ཆེ་བའི་བརྒྱུད་རིམ་ཁྲོད་བོད་རིགས་མི་དམངས་ཀྱི་སྣེ་ཁྲིད་དེ་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱ་ཆེད་འབད་འཐབ་བྱས་པའི་གཏམ་རྒྱུད་ལྷུག་པོར་གླེང་ཡོད།