འདི་ནི་ལི་ཏཱ་ཀྲའོ་ཡི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)
ལེ་ཚན་གཏོད་པའི་གཏམ།
དེ་རིང་ནས་བཟུང་། བོད་ཡིག་སྨྱན་སྦྱོར་གྱིས“ལོ་བརྒྱའི་འབད་འཐབ་ལམ། རྒྱང་སྐྱོད་གསར་པ་ཚུགས། དཔའ་བོའི་མཛད་རྗེས་བགྲང་བ”ཞེས་པའི་ལེ་ཚན་བཏོད་དེ་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་རྒན་རབས་དང་། དཔའ་བོ་དཔེ་བཟང་བ། དམངས་གཙོ་ཏང་ཤོག་དང་ཏང་ཤོག་གང་ལའང་མ་གཏོགས་པའི་ཕུལ་བྱུང་མི་སྣ། རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་བཅས་ཀྱི་དཔའ་བོའི་མཛད་རྗེས་གཏོང་སྤེལ་བྱས་ནས། ཁོང་རྣམ་པའི་མཛད་རྗེས་བརྒྱུད། ང་ཚོས་མེས་རྒྱལ་གྱི་ད་ཆའི་དར་ཞིང་རྒྱས་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པར་འདི་ནི་སྔོན་གཤེགས་དཔའ་བོ་གྲངས་མེད་ཀྱི་ཚེ་སྲོག་དང་ཁྲག་དྲོན་ལས་བྱུང་བ་ཞིག་ཡིན་པ་གསལ་རྟོགས་ཐུབ་པར་བྱས་ཏེ། ང་ཚོས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་སྔར་བས་གཅེས་སྤྲས་བྱེད་དགོས་པའི་སྐོར་འདོན་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོས་དོ་ཁུར་ཡོད་པ་ཞུ།
ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ལེ་ཐིང་རྫོང་དུ་ཀྲའོ་རུའེ་བྲེལ་བརྩོན་ཆེན་པོས་ལེ་ཐིང་རྔ་ཆེན་གྱི་ལེ་ཚན་གསར་པ《ཞུམ་མེད་དཔའ་བོའི་སྙིང་སྟོབས》ནང་སྦྱོང་བྱེད་བཞིན་ཡོད། སྲོལ་རྒྱུན་གྱི་ལེ་ཚན་དང་མི་འདྲ་བར་ལེ་ཚན་གསར་པ་འདི་ཚིག་སྦྱོར་བདེ་ལ་དོན་དག་གསལ་པོ་ཡོད་པས་ན་གཞོན་མང་པོའི་ཡིད་དབང་བཀུག་ཡོད།
ད་ལོ་ལོ་58ལ་སླེབས་པའི་ཀྲའོ་རུའེ་ནི་ཅིན་ལུགས་ལེ་ཐིང་རྔ་ཆེན་གྱི་རྒྱུན་འཛིན་པ་མི་རབས་གསུམ་པ་ཡིན་ཞིང་། ཁོང་གིས“ལི་ཏཱ་ཀྲའོ་ནི་ལེ་ཐིང་ནས་རེད། ང་ལོ་17ནས་སྒྱུ་རྩལ་ལམ་བུར་ཞུགས་པ་ཡིན། ཕ་ཡུལ་གྱི་སྒྱུ་རྩལ་རྣམ་པའི་ཐོག་ནས་ཁོང་གི་གསར་བརྗེའི་སྙིང་སྟོབས་མངོན་པར་བྱེད་པ་ནི་ངའི་བསམ་འདུན་ཡིན”ཞེས་བཤད།
ལི་ཏཱ་ཀྲའོ་ནི་ཀྲུང་གོ་གུང་ཁྲན་ཏང་གི་སྲོལ་གཏོད་པ་གཙོ་བོའི་གྲས་ཤིག་ཡིན་ཞིང་། མི་ཚེའི་བགྲང་བྱ་38ཀྱི་རིང་། ལི་ཏཱ་ཀྲའོ་ཡིས་ཀྲུང་གོའི་གསར་བརྗེའི་ལོ་རྒྱུས་ཐོག་ཉམས་པ་མེད་པའི་མཛད་རྗེས་བཞག་ཡོད་ལ་རྗེས་རབས་པ་དང་ལྷག་པར་དུ་ཡུལ་མི་སྤུན་ཟླ་ཚོའི་སེམས་ནང་སྙིང་སྟོབས་ཀྱི་རྡོ་རིང་ཞིག་བཞེངས་ཡོད།
ལེ་ཐིང་རྫོང་གྲོང་དུ་ཡོད་པའི་ལི་ཏཱ་ཀྲའོ་དྲན་གསོ་ཁང་དུ་ལྟ་སྐོར་བའི་མཚམས་ཆད་རྒྱུ་མི་འདུག
ལི་ཏཱ་ཀྲའོ་ནི་1889ལོའི་ཟླ་10ཚེས་29ཉིན་འཁྲུངས་པ་དང་། 1907ལོར་ཐེན་ཅིན་པེ་དབྱང་སྲིད་ཁྲིམས་ཆེད་མངགས་སློབ་གྲྭར་རྒྱུགས་འཕྲོད་དེ་ཆབ་སྲིད་དཔལ་འབྱོར་སློབ་སྦྱོང་གནང་། 1913ལོའི་དགུན་ཁར། ཁོང་རི་པིན་དུ་ཕེབས་ནས་ཐོ་ཁེའོ་ཙའོ་ཏའོ་ཐེན་སློབ་ཆེན་གྱི་ཆབ་སྲིད་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད།
རི་པིན་བཙན་རྒྱལ་རིང་ལུགས་ཀྱིས་ཡོན་ཧྲི་ཁའེ་ལ་ཀྲུང་གོ་རྩ་མེད་དུ་གཏོང་བའི“དོན་ཚན་ཉེར་གཅིག་པ”བཏོན་རྗེས། ཁོང་གིས་རི་པིན་དུ་ཡོད་པའི་ཕྱི་སྦྱོང་སློབ་མའི་སྤྱི་ཁྱབ་སློབ་ཚོགས་སུ་རྒྱལ་གཅེས་འཐབ་རྩོད་ནང་ཧུར་ཐག་ཞུགས་ཏེ་བྲིས་པའི《རྒྱལ་ཡོངས་ཀྱི་རྒན་རབས་ལ་སྤྲིངས་པའི་དྲན་སྐུལ་ཐ་ཚིག་ཡི་གེ》རྒྱལ་ཡོངས་སུ་མགྱོགས་མྱུར་ཁྱབ་པ་དང་སྦྲཌ་ལི་ཏཱ་ཀྲའོ་ཡང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་རྒྱལ་གཅེས་ཕུགས་བསམ་ཅན་དུ་གྱུར།
1916ལོར་ལི་ཏཱ་ཀྲའོ་རྒྱལ་ནང་དུ་ལོག་རྗེས་སྐབས་དེ་དུས་དར་བཞིན་པའི་རིག་གནས་གསར་པའི་ལས་འགུལ་ནང་ཧུར་ཐག་ཞུགས། ཨུ་རུ་སུའི་ཟླ་བཅུའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དེས་ལི་ཏཱ་ཀྲའོ་ལ་སྐུལ་ལྕག་དང་བློ་སྒོ་ཆེན་པོ་ཕྱེ་སྟེ་སྔ་རྗེས་སུ《ཧྥ་རན་སེ་དང་ཨུ་རུ་སུའི་གསར་བརྗེའི་ཞིབ་བསྡུར་ལྟ་བ》དང་། 《འབངས་མི་སེར་གྱི་རྒྱལ་ཁ》 《པུར་ཧྲི་ཝེ་རིང་ལུགས་ཀྱི་རྒྱལ་ཁ》སོགས་ཀྱི་རྩོམ་ཡིག་དང་གཏམ་བཤད་སྤེལ་ཡོད། 1919ལོར་ཁོང་གིས་སླར་ཡང《སྲིད་ལོ་གསར་པ》དང་། 《ངའི་མར་ཁེ་སི་རིང་ལུགས་ལྟ་བ》《གནད་དོན་དང་རིང་ལུགས་བསྐྱར་གླེང》སོགས་མར་ཁེ་སི་རིང་ལུགས་དྲིལ་བསྒྲགས་ཀྱི་རྩོམ་ཡིག་བཅུ་ཕྲག་ཁ་ཤས་སྤེལ་ཡོད།
1920ལོའི་ཟླ་3པར། ལི་ཏཱ་ཀྲའོ་ཡིས་པེ་ཅིང་སློབ་ཆེན་དུ་མར་ཁེ་སི་གཞུང་ལུགས་ཀྱི་ཞིབ་འཇུག་ཚོགས་འདུ་འཚོག་རྒྱུའི་གྲོས་འགོ་བཏོན། ལོ་དེའི་ཟླ་10པར། ལི་ཏཱ་ཀྲའོ་ཡིས་གྲོས་འགོ་བཏོན་པའི་འོག་པེ་ཅིང་གི་ཀྲུང་གོ་གུང་ཁྲན་ཏང་དུས་འགོའི་རྩ་འཛུགས་བཙུགས། 1921ལོར་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་རྗེས་ལི་ཏཱ་ཀྲའོ་ཡིས་ཀྲུང་དབྱང་གི་ཚབ་གནང་སྟེ་བྱང་ཕྱོགས་ཀྱི་ལས་དོན་ལ་མཛུབ་ཁྲིད་གནང་། 1926ལོའི་ཟླ་3པར། ལི་ཏཱ་ཀྲའོ་ཡིས་རི་པིན་དང་དབྱིན་ཇི་བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ་དང་དམག་ཤེད་ཅན་ཀྲང་ཙུའོ་ལིན་དང་ཝུའུ་ཕེ་ཧྥུའུ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འགོ་ཁྲིད་གནང་བ་མ་ཟད་སྐུ་ངོ་མ་ཞུགས། ཉེན་ཁ་དང་དཀའ་ངལ་ཧ་ཅང་ཆེ་བའི་གནས་ཚུལ་འོག་ཏང་གི་བྱང་ཕྱོགས་རྩ་འཛུགས་ཀྱིས་གསར་བརྗེའི་འཐབ་རྩོད་རྒྱུན་འཁྱོངས་བྱ་རྒྱུར་མུ་མཐུད་འགོ་ཁྲིད་གནང་།
1927ལོའི་ཟླ་4ཚེས་6ཉིན། ཧྥེང་རྒྱུད་དམག་ཤེད་ཅན་ཀྲང་ཙུའོ་ལིན་གྱིས་བཙན་རྒྱལ་རིང་ལུགས་དང་ངན་པ་ལག་འབྲེལ་གྱིས་སུའུ་ལེན་གྱི་གཞུང་ཚབ་ཆེ་མོ་ཁང་བཅའ་སྡོད་བྱེད་སར་ཤོར་ནས་ལི་ཏཱ་ཀྲའོ་སོགས་མི་80ལྷག་ཙམ་འཛིན་བཟུང་བྱས། ལི་ཏཱ་ཀྲའོ་ལ་ཁྲིམས་གཅོད་དྲག་པོ་ཕོག་ནའང་བཙོན་ཁང་དང་ཁྲིམས་ར་གང་དུའང་དྲང་བདེན་གྱི་དོན་དུ་ཞུམ་མེད་དཔའ་ངར་ལྡན་པ་དང་གཉའ་གཏན་ནས་སྒུར་མེད། ལོ་དེའི་ཟླ་4ཚེས་28ཉིན་དམག་ཤེད་ཅན་གྱིས་རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་གླེང་ཕྱོགས་ཀྱི་ངོ་རྒོལ་དྲག་པོ་དང་སྐྱོན་བརྗོད་ལ་མ་བལྟོས་པར་པེ་ཅིང་ཤིས་ཅའོ་སྲང་ལམ་གྱི་ཅིང་ཧྲེ་ལྟ་སྲུང་ཁང་དུ་ལི་ཏཱ་ཀྲའོ་སོགས་གསར་བརྗེ་བ་20མངོན་སུམ་འཛེམ་མེད་ངང་བསད་ཅིང་། ལི་ཏཱ་ཀྲའོ་ནི་གནམ་བཏགས་རྒྱག་སྒྲོམ་ཐོག་འཛེག་མཁན་དང་པོ་ཡིན་པ་དང་ཁོང་གིས་བདེན་དོན་གྱི་ཆེད་དུ་སོམ་ཉི་མེད་པར་རང་སྲོག་བློས་བཏང་ཡོད་སྐབས་དེ་དུས་དགུང་ལོ་38ཡིན།
ལི་ཏཱ་ཀྲའོ་ཡི་བཞུགས་གནས་རྙིང་པ་དོ་དམ་ཁྲུའི་ཀྲུའུ་རེན་གཞོན་པ་ཀྲའོ་ཧྲུའུ་མིང་ནི་ལི་ཏཱ་ཀྲའོ་ཡི་སྐུ་ཟླ་ཀྲའོ་རེན་ལན་གྱི་གཅུང་པོའི་ཚ་བོ་ཡིན་ཞིང་། ཁོང་གིས“དམ་པ་ཁོང་གིས་རྗེས་རབས་པ་ཚོར་ཁྱིམ་སྲོལ་བཟང་པོ་ཞིག་བཞག་ཡོད། ང་ཚོས་ལས་དྲང་པོ་དྲང་གཞག་བྱེད་པ་དང་མི་བདེན་པ་བདེན་ཐུབ་ཅིག་བྱས་ཏེ་སྤྱོད་གཙང་གི་ཁྱིམ་སྲོལ་དར་སྤེལ་གཏོང་དགོས”ཞེས་བཤད་བྱུང་།