དབུ་ཤོག>ཆེད་སྒྲིག
  • རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་སྤུན་འདུས་གྲོང་ཚོར་ནགས་གསེབ་ཐོན་ཁུངས་ལས་འབབ་འཕར་ཐབས་ལམ་བཤངས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-05-11

    ཆར་པ་བབས་རྗེས་ཀྱི་ཞོགས་པར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྟོད་གྲོང་རྡལ་སྤུན་འདུས་གྲོང་ཚོར་མི་ཚོགས་མང་པོ་འདུས་ཏེ་ཚང་མས་ཕན་ཚུན་ཞོགས་པའི་འཚམས་འདྲི་ཞུ་བཞིན་དུ་ནགས་ཚལ་དུ་འགྲོ་བཞིན་མཆིས།

    “ཞོགས་པ་མཁའ་རླུང་ཡག་པོ་ཡོད་པས་ང་ཚོས་ཤ་མོ་རླམ་རྩྭ་ཕོ་སུལ་དང་མོག་རོ་འཐུ་ཡི་ཡོད། ཉིན་འགའི་རྗེས་གལ་སྲིད་ཆར་པ་དེ་བས་ཆེ་བ་བབས་ཚེ་ང་ཚོས་དེ་ལས་མང་བ་འཐུ་ཐུབ་རྒྱུ་རེད”ཅེས་སྤུན་འདུས་གྲོང་ཚོའི་གྲོང་མི་ཚེས་གསུམ་གྱིས་དགའ་སྤྲོའི་ངང་ཁོང་གི་འབྲས་བུ་གསར་འགོད་པར་སྟོན་བཞིན་དེ་ལྟར་བཤད།

    སྤུན་འདུས་གྲོང་ཚོ་དེ་ཡངས་ཤིང་རྒྱ་ཆེ་བའི་གདོད་མའི་ནགས་ཚལ་དུ་གནས་ཡོད་པས་ཁོར་ཡུག་ཧ་ཅང་ཡག་པའི་ཁར་ནགས་གསེབ་ཏུ་བུར་ཤིང་གི་ཚལ་དང་། ཤ་མོ། མོག་རོ། ཀོ་ཤ་སོགས་སྣ་མང་ཕུན་སུམ་ཚོགས་པའི་ནགས་གསེབ་ཐོན་ཁུངས་ཡོད། དེ་གའི་མི་རྣམས་ཀྱིས་ནགས་ཚལ་ལ་གཅེས་སྤྲས་བྱེད་པ་དང་འབྲེལ་རང་བྱུང་ཁམས་ཀྱིས་བསྩལ་བའི་ཟས་མཆོག་ལོངས་སུ་སྤྱོད་བཞིན་ཡོད།

    བདེ་སྐྱིད་འདི་ལྟ་བུ་དང་པོ་ནས་ཡོད་པ་ཞིག་མ་ཡིན། དེ་སྔ་འགྲིམ་འགྲུལ་སྟབས་བདེ་པོ་མེད་པས་ནགས་གསེབ་ཀྱི་ཐོན་ཁུངས་དེ་དག་ཕྱིར་ཚོང་བྱེད་ཐུབ་ཀྱི་མེད་ལ། གདོད་མའི་ནགས་ཚལ་དུ་གཞིས་སྡོད་བྱས་པའི་གྲོང་མིས་ནགས་གསེབ་ཐོན་ཁུངས་ལས་ཡོང་འབབ་ཀྱང་བསགས་ཐུབ་ཀྱི་མེད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་ཟུང་འབྲེལ་ནུས་ལྡན་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རང་བྱུང་ནགས་ཚལ་མ་ཡིན་པའི་ལས་གྲྭའི་ཁུལ་དང་གཞུང་ཁོངས་ནགས་རའི་རང་བྱུང་ནགས་ཚལ་ཚོང་ལས་ཅན་གྱི་གཅོད་འབྲེག་ཕྱོགས་ཡོངས་ནས་མཚམས་འཇོག་བྱས་པས། རང་བྱུང་ནགས་ཚལ་ཐོན་ཁུངས་སྐྱེ་འཕེལ་དང་སླར་གསོ་བྱུང་ཡོད། སྤུན་འདུས་གྲོང་ཚོའི་གྲོང་མིས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ནས་ད་ཆ་ཕྱི་རོལ་ཏུ་སྨན་རྩྭ་དང་ཤ་མོའི་རིགས་སྔོག་རྗེས་དེའི་ཤུལ་ཏུ་ས་བརྒྱངས་ནས་ལོ་རྗེས་མར་སྨན་རྩྭ་གསར་པ་དང་ཤ་མོའི་རིགས་སྐྱེ་ཐུབ་པ་བྱེད་ཀྱི་ཡོད།

    དེ་དང་ཆབས་ཅིག འགྲིམ་འགྲུལ་ཆ་རྐྱེན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་གྲོང་མིས་ནགས་གསེབ་ཐོན་ཁུངས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་མཆོག་རྙེད་པ་རེད། “དེ་སྔ་ཤ་མོ་དང་བེ་ཤ་སོགས་རྩ་ཆེ་བའི་ཟས་རིགས་སོས་པ་འདི་དག་ང་ཚོ་རང་ཉིད་ཀྱིས་ཟ་བ་ལས་ཕྱིར་ཚོང་བྱེད་རྒྱུ་དྲན་མྱོང་མེད། ད་ཆ་འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་ཁྱིམ་དུ་རླངས་འཁོར་ཡང་ཡོད་པས་བརྐོ་འཐུའི་ནམ་དུས་སུ་སླེབས་རྗེས་ང་ཚོས་ཤ་མོ་དང་། བེ་ཤ། བུར་ཤིང་གི་ཚལ་སོགས་སོས་པ་འཁྱེར་ནས་རྫོང་གྲོང་དུ་འཚོང་གི་ཡོད། སྐབས་རེ་ཉིན་གཅིག་ལ་ཡོང་འབབ་སྒོར་600ལྷག་ཙམ་རག་གི་འདུག”ཅེས་སྤུན་འདུས་གྲོང་ཚོའི་གྲོང་མི་ཚེས་གསུམ་གྱིས་དགོད་འཚེར་འཚེར་ངང་བཤད།

    གྲོང་མི་པད་མ་ཆོས་སྒྲོན་གྱི་ཁྱིམ་དུ་སླེབས་དུས་ཁོ་མོས་མོག་རོ་སྐམ་པོ་ཐུམ་སྒྲིལ་རྒྱག་བཞིན་ཡོད་པ་དང་། སྒོ་རའི་ནང་ད་དུང་ཀོ་ཤ་དང་། ཤ་མོ། མོག་རོ་བཅས་མི་ཉུང་ཞིག་འདུག “འདི་དག་ནི་འདི་ལོ་སྐམ་པའི་མོག་རོ་རེད། གྲོང་ཁྱེར་དུ་ཡོད་པའི་གཉེན་ཉེར་སྤྲད་ནས་ཁོང་ཚོར་མོག་རོ་སོས་པའི་བྲོ་བ་མྱོང་དུ་འཇུག་རྒྱུ་ཡིན”“ཤ་མོ་དང་བྱ་ཤའི་ཐང་གི་བྲོ་བ་ཧ་ཅང་ཞིམ་པོ་ཡོད་པས་མི་མང་པོས་དགའ་པོ་བྱེད་ཀྱི་འདུག ཀོ་ཤ་དཀོན་ཙམ་ཡོད་པས་རྒྱ་མ་གང་ལ་སྒོར་1300ཡས་མས་རག་གི་འདུག”ཅེས་བཤད།

    ད་ཆ། སྤུན་འདུས་གྲོང་ཚོའི་གྲོང་མི་མང་པོ་ཞིག་གིས་ཁྱིམ་དུ་དྲ་ཐོག་ཚོང་བརྒྱབ་ནས་ནགས་ལས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་བ་དང་། གྲོང་ཚོའི་ནགས་གསེབ་ཀྱི་ཐོན་ཁུངས་དེ་དག་ས་ཐག་དེ་བས་རིང་སར་བཙོངས་ནས་ཐུན་མོང་ཕྱུག་འགྱུར་གྱི་འབྱོར་འབྲིང་ལམ་བུའི་ཐོག་མདུན་སྐྱོད་བྱེད་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།