1998ལོའི་ཟླ་12ཚེས་3ཉིན་དུས་རབས་20པའི་དུས་མཇུག་ཏུ་ཚན་རིག་མྱུལ་དཔྱད་ཀྱི་ལོ་རྒྱུས་ཐོག་གི་རླབས་ཆེན་བྱ་སྤྱོད་ཅིག་ཡར་ཀླུང་གཙང་པོའི་རོང་ཆེན་དུ་ཐོན་པ་རེད། ཀྲུང་གོའི་ཚན་རིག་མཁས་ཅན་དང་། གསར་འགྱུར་གསར་འགོད་པ། རི་འཛེག་ལུས་རྩལ་པ་བཅས་ཀྱིས་ས་གནས་དེ་གའི་ལས་མི་དང་མཉམ་དུ་མིའི་རིགས་ཀྱིས་འཛམ་གླིང་གི་རོང་ཆེན་ཨང་དང་པོར་རྐང་ཐང་མར་བསྐྱོད་པའི་ལོ་རྒྱུས་ཀྱི་རླབས་ཆེན་བྱ་སྤྱོད་ཐོག་མ་དེ་བཏོད་ཡོད། བརྗིད་ཉམས་ལྡན་པའི་རི་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མ་བཏོད་ཡོད་ལ། འཛམ་གླིང་ཐོག་ཆེས་ཟབ་པའི་ཡར་ཀླུང་གཙང་པོའི་རོང་ཆེན་ཡང་བཏོད་ཡོད། འཛམ་གླིང་གི་ངོ་མཚར་ཆེ་ཤོས་གཉིས་ལས་ལོ་རྒྱུས་ཀྱི་དོན་སྙིང་མི་འདྲ་བ་ལྡན་པ་སྟེ། ལོ་རྒྱུས་ཐོག་འཁོད་པར་གཞིགས་ན། ཇོ་མོ་གླང་མར་ཐོག་མར་འཛེག་མཁན་ཀྲུང་གོ་བ་མིན་མོད། འོན་ཀྱང་། མིའི་རིགས་ཀྱིས་ཡར་ཀླུང་གཙང་པོའི་རོང་ཆེན་རྐང་ཐང་མར་ཐོག་མར་བརྒལ་རྒྱུ་དེ་ཀྲུང་གོ་བ་རང་ཉིད་ཀྱིས་མངོན་འགྱུར་བྱས་ཡོད། 1998ལོའི་ཟླ10པར། རང་རྒྱལ་གྱི་ཚན་རིག་མཁས་ཅན་དང་། གསར་འགོད་པ། རི་འཛེག་རུ་མི་བཅས་57དང་དེ་བཞིན་ཀུ་ལི་ཆིག་སྟོང་ལྷག་ཙམ་ལས་གྲུབ་པའི་ཚན་རིག་རྟོག་ཞིབ་མྱུལ་དཔྱད་རུ་ཁག་ཆེན་པོ་ཞིག་ཡར་ཀླུང་གཙང་པོའི་རོང་ཆེན་དུ་བསྐྱོད་ནས་མྱུལ་དཔྱད་རྟོག་ཞིབ་དངོས་སུ་བྱས་པ་རེད། དེ་ནི་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་སྤྱི་ལེ་600ཙམ་གྱི་ས་ཁྱོན་དུ་ཁོང་ཚོའི་རྐང་རྗེས་བཞག་ཡོད་ལ། དེ་བས་མི་སེམས་འགུལ་བ་ཞིག་ནི་ཁོང་ཚོས་ཉིན་མཚན་5སྤྱད་དེ་རོང་ཆེན་གྱི་ལྟེ་བའི་ས་ཁོངས་སྤྱི་ལེ་100ཙམ་གྱི་མི་མེད་ཁུལ་སྒྲོལ་ཡོད།
ཟླ་11ཚེས་7ཉིན། ཚན་རིག་མྱུལ་དཔྱད་རྟོག་ཞིབ་ཡན་ལག་རུ་ཁག་དང་རྦབ་ཆུ་རྟོག་ཞིབ་ཡན་ལག་རུ་ཆུང་གིས་ས་གནས་དེ་གའི་ལས་མི་80ལྷག་ཙམ་དང་མཉམ་དུ་རོང་ཆེན་གྱི་གུག་ཆ་ཆེན་པོའི་རྩེ་མོའི་ལྷོ་ནུབ་ཕྱོགས་ཀྱི་མོན་པ་རིགས་ཀྱི་གྲོང་སྡེ་སྨན་གྲོང་ནས་ཁ་བྲལ་ཏེ་མི་མེད་ལུང་སྟོང་དུ་བསྐྱོད་ནས་ཡར་གླུང་གཙང་པོའི་རྦབ་ཆུ་ཆེ་ཤོས་ལ་རྟོག་ཞིབ་བྱས་པ་རེད། དེ་ནི་ཚེ་སྲོག་དང་རང་བྱུང་ཁམས་ཀྱི་རྩོལ་འཐབ་ཅིག་ཡིན་ལ། ཉེན་ཁ་ཆེ་ཞིང་དོན་སྙིང་ལྡན་པའི་རྟོག་ཞིབ་ཀྱི་བྱེད་སྒོ་ཞིག་ཀྱང་རེད། དེ་ཡང་དུས་ཡུན་ཉིན་མཚན་ལྔ་སྤྱད་དེ་སྔོན་བཀོད་ཀྱི་ལས་འགན་ཁག་བསྒྲུབས་ཡོད། ལྷ་ས་ནས་རྡོག་ཐོན་མ་བྱས་གོང་རྟོག་ཞིབ་རུ་ཁག་གིས་ད་དུང་རུ་མི་ཚང་མར་ཆེད་མངགས་འབུ་པད་པ་འགོག་པའི་ཡུ་བ་རིང་བའི་ཨུ་སུ་མཐུག་པོ་སྤྲད་པ་རེད།
གྲ་སྒྲིག་གང་ལེགས་བྱས་རུང་འབུ་པད་པ་སྔར་བཞིན་འགོག་ཐབས་བྲལ། ཡན་ལག་རུ་ཆུང་གིས་ཉིན་དང་པོར་ལ་ཆུ་ཚོད་བཞི་ལྷག་ཙམ་ལས་རྒྱག་མ་ཐུབ་པར་སེར་ཆེན་ལ་རི་སྐེད་དུ་སྒར་བརྒྱབ་ནས་སྡོད་དགོས་བྱུང་ཡོད། སྒར་ས་དེར་ས་བབ་མཐོ་ཚད་སྨི་1700ལྷག་ཙམ་ལས་མེད་པ་དང་གདོད་མའི་ནགས་ཚལ་ཁུལ་དུ་ཡོད་པས་གང་སར་འབུ་གསོད་སྨན་གཏོར་ནས་དྲི་མ་ཤུགས་ཆེན་པོ་ཡོད་ཀྱང་བཟོད་སྒོམ་བྱས་ནས་འབུ་པད་པ་འགོག་ཐབས་བྱེད་དགོས་འཁེལ། དེ་ལྟར་བྱས་རུང་བོད་ལྗོངས་རི་འཛེག་རུ་མི་རྒྱ་མཚོའི་རྐང་པ་འབུ་པད་པས་རྨུགས་ནས་ཁྲག་དོན་གྱི་ཡོད། འབུ་པད་པ་ཐོག་མར་མཐོང་མཁན་གྱི་ངོས་ནས་བརྗོད་ན་སྐྲག་ནས་མཚན་གང་གཉིད་ཁུག་གི་མེད།
ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་9པར། རྟོག་ཞིབ་རུ་ཁག་གིས་མུ་མཐུད་ལ་བརྒྱབ་ནས་ཉིན་དགུང་གི་ཆུ་ཚོད་14ཙམ་ལ་ས་བབ་མཐོ་ཚད་སྨི་3000ལྷག་ཙམ་ཟིན་པའི་སེར་ཆེན་ལ་བརྒལ་ཐུབ་པ་བྱུང་ཡོད། སྐབས་དེར། ཡན་ལག་རུ་ཆུང་གི་བུད་མེད་རུ་མི་གཅིག་པོ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་མུའུ་ཀྲེང་ཧྥན་ལ་ལ་དུག་ཕོག་ནས་མུ་མཐུད་མདུན་སྐྱོད་བྱེད་ཐབས་བྲལ། གཞན་གྱིས་སྐྱོར་རོགས་བྱས་པ་ལས་ལ་གཤམ་གྱི་སྒར་སར་འབྱོར་ཐུབ་ཙམ་བྱུང་ཡོད། ཉིན་དེར་གྲུབ་འབྲས་ཆེ་ཤོས་ཐོབ་མཁན་ནི་ཀྲུང་གོ་ཚན་རིག་ཁང་གོང་དཀར་རི་བོའི་རི་མཐོའི་ནགས་ཚལ་སྐྱེ་ཁམས་ཞིབ་འཇུག་ས་ཚིགས་ཀྱི་ཀྲེན་ཀྲང་དང་ཡན་ལག་རུ་དཔོན་དགེ་རྒན་ཆེ་མོ་བ་ཀྲང་ཝུན་ཅིང་རེད། ཁོང་གིས་དེ་གའི་ཁོར་ཡུག་དང་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞིགས་ནས་ལྟ་ཞིབ་ཞིབ་ཚགས་བྱས་མཐར་རང་བྱུང་གི་སྟོངས་ལ་ཉེ་ཞིང་རྩ་ཆེ་བའི་ཤིང་རིགས་གསོམ་ཤིང་དམར་པོ་ཤེས་རྟོགས་བྱུང་ཡོད། རྒྱ་ར་པེ་ལེ་རི་གཤམ་གྱི་སྒར་ས་ནས་ཐོན་ཏེ་ཉིན་གསུམ་པའི་མདུན་སྐྱོད་བྱེད་འགོ་བརྩམས། ཉིན་དེར་ཡང་ས་བབ་མཐོ་ཚད་སྨི་3100ཡོད་པའི་ལ་ཞིག་བརྒལ་ཡོད། ས་བབ་མཐོ་ཚད་སྨི་2000ལྷག་ཙམ་ཡོད་པའི་རི་སྐེད་དུ་སླེབས་སྐབས་སྣེ་ཤན་པ་དབྱངས་སྐྱིད་ཀྱིས་ས་ཆ་ཞིག་ལ་མཛུབ་མོ་བཙུགས་ནས“དེ་རིང་འདི་གར་ཞག་སྡོད་བྱེད་རྒྱུའི་གྲོས་འགོ་འདོན་སྐབས་ཚང་མ་ཧང་སངས་ནས་ང་ཚོ་མི་མང་པོ་འདི་འདྲ་འདི་གར་སྡོད་ག་ལ་ཐུབ”ཅེས་བརྗོད། ས་རུབ་ཟིན་པས་ཚང་མས་རི་མ་ཐང་དུ་གུར་བརྒྱབ་པ་རེད། གློ་བུར་དུ་སྤྲིན་ནག་འཁྲིགས་ནས་ཆར་པ་སིམ་སིམ་བབས་ཏེ་གཡང་དུ་ཟགས་ཉེན་ཆེ་བས་རུ་མི་ཚོ་མཚན་གང་གཉིད་ཉལ་མ་ཕོད་པ་མ་ཟད། རུ་མི་ཁག་གཅིག་གིས་ལས་མི་དང་མཉམ་དུ་མེ་བཏང་ནས་དྲོད་ལེན་ཐབས་བྱས་ཏེ་མཚན་གང་བསྐྱལ། ཉིན་བཞི་པའི་ཞོགས་པ་སྔ་པོའང་ཆར་པ་འབབ་མཚམས་ཆད་མེད། སྔ་དྲོའི་ཆུ་ཚོད་10ཙམ་ལ་ལས་མིའི་འགན་འཁུར་བ་དང་གྲོས་བསྡུར་བྱས་པ་བརྒྱུད་མུ་མཐུད་མདུན་སྐྱོད་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད། སྣེ་ཤན་པས་མདུན་ཕྱོགས་ཀྱི་ལམ་དེ་ངེས་པར་དུ་རང་ཉིད་ཀྱིས་གཤོང་དགོས་པ་དང་དེ་སྔ་རྔོན་པས་བཟོས་པའི་ལམ་ཆུང་དེར་སྡོང་ཕྲུག་དང་རྩྭ་ངན་གྱིས་ཁེངས་འདུག་ཅེས་བཤད། ཚང་མས་ནུས་སེམས་གཅིག་སྒྲིལ་གྱིས་ལམ་ཆུང་བཟོས་པ་དང་། ས་ཆ་མང་པོ་ཞིག་ཏུ་ད་དུང་ཐག་པར་འཁྱུད་དེ་འབབ་དགོས་ཀྱི་ཡོད། ལམ་འདིའི་སྟེང་དུ་གོམ་པ་བརྒྱབ་ནས་བསྐྱོད་པ་ལས་བཤུད་ནས་སྐྱོད་པ་མང་བ་ཡོད། ས་མ་རུབ་གོང་ད་ཐེངས་ཀྱི་དམིགས་ས་སྟེ། རོང་བྲག་རོང་ཆེན་གྱི་རྦབ་ཆུ་གནས་ཁུལ་ཡིན་བཟོ་ཡོད་པའི་ཁུལ་དུ་སླེབས་ཡོད། ཉིན་ལྔ་པའི་སྔ་དྲོ། སྒར་ས་ནས་རི་མཐོ་རོང་ཟབ་ཀྱི་ཕྱོགས་སུ་རྦབ་ཆུ་འཚོལ་བར་བསྐྱོད་མཐར་རྦ་རླབས་ཕྱོགས་བཞིར་ལང་ལོང་དུ་འཕྱུར་བའི་རྦབ་ཆུ་དེ་རྙེད། ཚན་རིག་མཁས་ཅན་རྣམས་ཀྱིས་དེར་འབྲེལ་ཡོད་ཁྱད་ལྡན་གྲངས་གཞིའི་ཚད་འཇལ་གཏན་འཁེལ་བྱས་པ་དང་གསར་འགོད་པ་ཚོས་པར་ལེན་དང་བརྙན་ཕབ་བྱེད་སྐབས་ཚང་མར་མྱོང་ཚོར་ཟབ་མོ་བྱུང་ནས་ད་རེས་ཡོང་རིན་ཆོག་པའི་ངོས་འཛིན་བྱས། སྔོན་ཆད་རྦབ་ཆུ་འདི་ཡོད་མེད་ཐད་རྩོད་གླེང་ཆེན་པོ་ཡོད། ད་རེས་ཀྱི་རྟོག་ཞིབ་བརྒྱུད་དོགས་གཞི་དེ་བསལ་བ་མ་ཟད། ད་དུང་རིམ་པ་མང་བའི་རྦབ་ཆུ་ཞིག་ཡིན་པའང་ཤེས་རྟོགས་བྱུང་ཡོད། སྤྱི་ཁྱབ་རུ་དཔོན་ཀའོ་ཏེང་དབྱི་ཡིས་གཙང་པོ་ཆེན་པོ་དེ་ལྟ་བུའི་ཐོག་གི་རྦབ་ཆུ་འདི་ཀྲུང་གོའི་ཨང་དང་པོ་ཡིན་པ་མ་ཟད། འཛམ་གླིང་ཐོག་ཏུའང་མཐོང་དཀོན་པོ་ཡོད་ཅེས་བཤད།
རྟོག་ཞིབ་བྱེད་རིང་། གཙོ་བོ་ཀྲུང་གུང་ཏང་ཡོན་ལས་གྲུབ་པའི་རྟོག་ཞིབ་རུ་ཁག་གི་རུ་མི་ཚོར་དུས་དང་རྣམ་པ་ཀུན་ཏུ་ཤི་གསོན་ལ་ཐུག་པའི་ཚོད་བགམ་དང་ལུས་པོའི་ཚོད་བགམ་འཕྲད་ཡོད་ལ། རང་བྱུང་ཁམས་ཀྱི་འགྲན་སློང་དྲག་པོའང་འཕྲད་ཡོད། ཁོང་ཚོས་རི་འཕྲད་སྐབས་ལམ་གཤོང་བ་དང་། ཆུ་འཕྲད་སྐབས་ཟམ་པ་རྒྱག་པ། རླུང་ཁྲོད་དུ་བཟའ་བཏུང་བྱེད་པ། བཀྲེས་ལྟོགས་དང་། གྲང་ངར། གསོ་རླུང་དཀོན་པ། ཉི་མས་བསྲེགས་པ་སོགས་ཀྱི་དཀའ་ངལ་སྣ་ཚོགས་མྱངས་ཡོད། རྟོག་ཞིབ་བྱེད་པའི་ལམ་བར་དུ་དུག་སྦྲུལ་དང་། གཅན་གཟན། འབུ་པད་པ། དུག་སྦྲང་སོགས་ཀྱི་འཇིགས་སྐུལ་ཕོག་པ་དང་། རི་ཉིལ་བ་དང་། གངས་རུད། གངས་འཁྱག་གིས་རི་རྒྱ་བསྡམས་པ། ཆུ་རུད་སོགས་ཀྱི་ཉེན་ཁ་འཕྲད་པ། བྲག་རི་གཡང་གཟར་ལ་འཛེག་སྐབས་སུ། ཚན་རིག་མཁས་ཅན་རྣམས་ཀྱིས་རིང་ཚད་ལ་སྨི་བརྒྱ་དང་བཅུ་ཡོད་པའི་ཐག་པར་འཁྱུད་དེ་ཆུ་འགྲམ་དུ་རྦབ་ཆུའི་ཚོགས་ལ་ཚད་འཇལ་བྱས་ཡོད། རྟོག་ཞིབ་བྱེད་རིང་། མི་ལ་ལའི་རུས་པ་ཆག་པ་དང་། མི་ལ་ལ་ནད་ཀྱིས་མནར་ནས་དྲན་པ་ཐོར་བ། མི་ལ་ལ་བསྟུད་མར་ཚ་བ་རྒྱས་པ། མི་ལ་ལ་གདུང་ཟམ་བརྒལ་དུས་གཟབ་གཟབ་མ་བྱས་པར་གཙང་པོར་ལྷུང་ནས་འཁྱགས་རེངས་ཐེབས་པ་སོགས་བྱས་མོད། འོན་ཀྱང་ཚང་མས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་བརྩོན་ཆེན་པོས་ལས་དོན་བསྒྲུབས་པས། མཐར་ཀྲུང་གོ་བས་རྐང་ཐང་མར་རོང་ཆེན་ཐོག་མར་བརྒལ་བའི་རླབས་ཆེན་གྱི་བྱ་སྤྱོད་དེ་མངོན་འགྱུར་བྱུང་ཡོད། དེ་དང་དུས་མཚུངས། ཚན་རིག་པ་རྣམས་ཀྱིས་ད་དུང་ས་ཁམས་ས་བབ་དང་། ས་གཤིས། ཆུའི་ཐོན་ཁུངས། རླུང་ཁམས་ཆེ་མོའི་དངོས་ཁམས། རྩི་ཤིང་སྐྱེ་ཁམས། འབུ་སྲིན། ཐིག་ལེན་རིས་འབྲི་སོགས་རིག་ཚན་མང་པོའི་ཚན་རིག་རྟོག་ཞིབ་བྱས་ནས། ཚན་རིག་ཐད་ཀྱི་སྟོང་ཆ་བསྐངས་ཐོག་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་ཕུན་སུམ་ཚོགས་པོ་རག་སྟེ། ཡར་ཀླུང་གཙང་པོའི་རོང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།