1951ལོའི་དགུན་ཁར་དམག་སྡེ་བཅོ་བརྒྱད་པའི་རང་ཚུགས་ཉིང་ལག་རུ་ཁག་གི་དཔོན་དམག་ཚོས་ཁ་བ་བུ་ཡུག་དང་གྲང་ངར་ཆེ་བའི་གནམ་གཤིས་ལ་མ་འཛེམས་པར་ཅོག་ཙེ་ལ་བརྒལ་ནས་ན་ལུང་དཀར་མོ(ད་ལྟའི་འདམ་གཞུང་རྫོང་དབུ་མ་ཐང་ཤང་ན་ལུང་གྲོང་ཚོ)བརྒྱུད་ལྷ་སར་འབྱོར། སྐབས་དེར་ལོ་12ལ་སླེབས་པའི་ཕྱུགས་རྫི་བ་བསོད་ནམས་སྟོབས་རྒྱལ་གྱིས་ལོ་རྒྱུས་ཀྱི་དུས་སྐབས་དེའི་བདེན་དཔང་བྱས་ཡོད། ལོ་70ཡི་རྗེས་སུ་འདམ་གཞུང་རྫོང་གིས“སླར་ཡང་བཅིངས་འགྲོལ་ལམ་བུའི་ཐོག་བསྐྱོད་དེ་ཕུགས་འདུན་དོན་གཉེར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། བགྲེས་སོང་བསོད་ནམས་སྟོབས་རྒྱལ་གྱིས་སྔར་སོང་གི་ལོ་ཟླར་དྲན་གསོ་བྱེད་བཞིན་གསར་འགོད་པར་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་གཏམ་རྒྱུད་གླེང་།
ཟླ་4པའི་ལྷ་སར་དཔྱིད་དཔལ་རབ་ཏུ་བཞད་ཅིང་། སྤྱི་ལེ་200ཡི་སར་གནས་པའི་འདམ་གཞུང་རྫོང་དབུ་མ་ཐང་ཤང་དུ་སླར་ཡང་ཁ་བ་ལྷབ་ལྷུབ་ཏུ་བབས། བསོད་ནམས་སྟོབས་རྒྱལ་གྱིས་སྐབས་དེ་དུས་དམག་སྡེ་བཅོ་བརྒྱད་པ་ཕེབས་སྐབས་ཀྱང་གངས་འབབ་པའི་ཉིན་མོ་ཞིག་ཡིན་པ་དང་གངས་མཐུག་ཚད་ལ་ཁྲེ་ཙེ་གཅིག་ལྷག་ཙམ་བབས་ཡོད་པས། བཅིངས་འགྲོལ་དམག་མི་རྟ་བཞོན་ནས་ཡོང་སྐབས་མཆུ་ཏོ་ཡང་སྔོན་པོར་གྱུར་འདུག་ཅེས་ང་ཚོར་བརྗོད་བྱུང་།
1951ལོའི་དགུན་ཁར་རི་སྟེང་དུ་ཕྱུགས་འཚོ་བཞིན་པའི་བསོད་ནམས་སྟོབས་རྒྱལ་གྱིས་ཐག་རིང་ནས་མི་མང་པོ་ཞིག་གིས་རྔ་མོང་ཁྲིད་དེ་ཅོག་ཙེ་ལའི་རི་གཤམ་ནས་ཡོང་བ་མཐོང་། ཡ་མཚན་ཆེན་པོ་སྐྱེས་པའི་ཁོང་དང་གྲོགས་པོ་གཉིས་ཀྱིས་མདུན་དུ་བསྐྱོད་ནས་ལྟ་སྐབས་རྔ་མོང་ཁྲིད་པའི་མི་དེ་དག་གི་གྱོན་ཆས་སྲབ་ཅིང་གཙབ་རལ་ཡིན་པ་དང་།མི་མང་པོ་ཞིག་དབུགས་འབྱིན་རྔུབ་དཀའ་ཡང་ད་དུང་ལྟད་མོ་ལྟ་མཁན་གྱི་ན་གཞོན་རྣམས་ལ་འཛུམ་དམུལ་དམུལ་བྱེད།
“དམག་ཆས་སེར་པོ་གྱོན་མཁན་དེ་ཚོ་བཅིངས་འགྲོལ་དམག་མི་ཡིན་པ་རྗེས་སུ་གཞི་ནས་ཤེས་རྟོགས་བྱུང”ཞེས་བསོད་ནམས་སྟོབས་རྒྱལ་གྱིས་དྲན་གསོ་བྱེད་བཞིན་བརྗོད། ཁོང་གིས་དམག་སྡེ་བཅོ་བརྒྱད་པས་རྒྱབ་ཕྱོགས་ཀྱི་མཁོ་སྤྲོད་དཀའ་བ་དང་། འབྲུ་རིགས་ཆད་པའི་གནས་ཚུལ་འོག་བཀྲེས་ལྟོགས་ཀྱིས་མནར་བའི་འཚོ་བ་ཧ་ཅང་སྐྱོ་པོ་ཞིག་སྐྱེལ་དགོས་བྱུང་ཡང་ས་གནས་དང་མང་ཚོགས་ཀྱི་ས་ནས་བཟའ་འབྲུ་གཏན་ནས་སློང་གི་མེད། དམག་སྡེ་བཅོ་བརྒྱད་པའི་དཔོན་དམག་ཚོའི་ལྷག་བསམ་རྣམ་དག་གི་བྱ་སྤྱོད་ལ་མང་ཚོགས་ཀྱི་ཡིད་ཆེས་དང་དགའ་གུས་ཆེན་པོ་ཐོབ་ཡོད་ཅེས་བརྗོད།
1959ལོར་བསོད་ནམས་སྟོབས་རྒྱལ་དང་འབྲོག་པ་ཚོས་སླར་ཡང་ཅོག་ཙེ་ལ་ནས་བཅིངས་འགྲོལ་དམག་མི་ཡོང་བ་མཐོང་འཕྲལ། སྐབས་དེར་ཁོང་ཚོས་བསུ་བ་ཞུས།
“དཔུང་ཁག་དེ་བས་སྟོབས་ཆེ་བ་དང་ཆ་རྐྱེན་ཡང་དེ་སྔའི་དཔུང་སྡེ་ལས་ཡག་པ་ཡོད”དཔུང་སྡེར་རྔ་མོང་དང་། འབྲི་གཡག རྟ་སོགས་ཡོད་པ་མ་ཟད། ད་དུང་སྨན་པ་དང་སྐད་སྒྱུར་ཡང་བཀོད་སྒྲིག་བྱས་ཡོད། དཔུང་སྡེ་གོང་མ་དང་འདྲ་བར་བཅིངས་འགྲོལ་དམག་མིས་བོད་རིགས་མང་ཚོགས་ཀྱི་ཆོས་དད་རང་མོས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱས་པ་མ་ཟད། ད་དུང་མང་ཚོགས་ལ་ཐོན་སྐྱེད་ངལ་རྩོལ་དང་། ཟམ་པ་དང་ལམ་བཟོ་བ། སྨན་རིན་མི་དགོས་པར་སྨན་བཅོས་སོགས་ཀྱི་རོགས་རམ་བྱས་པས། རྒྱ་ཆེའི་མང་ཚོགས་ཚོས་གུང་ཁྲན་ཏང་དང་བཅིངས་འགྲོལ་དམག་མིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལ་ཉིན་བཞིན་ངོས་འཛིན་ཟབ་མོ་ཐུབ་ཡོད།
“མང་ཚོགས་ལ་ནད་གཞི་ཕོག་སྐབས། རུ་ཁག་གི་སྨན་པས་ཁོང་ཚོར་སྨན་རིན་མི་དགོས་པར་སྨན་བཅོས་བྱས་པས། ཚང་མས་བཅིངས་འགྲོལ་དམག་མིར་ཐུགས་རྗེ་ཆེ་ཞུ་གི་ཡོད”བསོད་ནམས་སྟོབས་རྒྱལ་དང་འབྲོག་པ་མང་པོ་ཞིག་རང་འགུལ་ངང་དམག་སྡེ་བཅོ་བརྒྱད་པའི་དྲིལ་བསྒྲགས་དཔུང་ཁག་ནང་ཞུགས་ནས་ཏང་གི་སྲིད་ཇུས་སློབ་སྦྱོང་བྱེད་པ་དང་འབྲེལ་མང་ཚོགས་ལ་དྲིལ་བསྒྲགས་ཀྱང་བྱེད་ཀྱི་ཡོད། ད་བར་བསོད་ནམས་སྟོབས་རྒྱལ་གྱིས་དྲིལ་བསྒྲགས་སྦྱར་ཡིག་ཁག་གཅིག་གི་ནང་དོན་རྡོ་ལ་རི་མོ་བརྐོས་པ་ལྟར་སྔར་བཞིན་གསལ་པོར་ངེས་ཡོད།
དེ་རྗེས་ཀྱི་ལོ་མང་རིང་གུང་ཁྲན་ཏང་དང་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་བསོད་ནམས་སྟོབས་རྒྱལ་གྱིས་གྲོང་ཚོའི་རྩིས་པ་དང་བདེ་འཇགས་དོ་དམ་པ་སོགས་ཀྱི་འགན་འཁུར་ནས་ཐོག་མཐའ་བར་གསུམ་དུ་ཏང་རྩ་འཛུགས་དང་ཉེ་བཅར་ཧུར་ཐག་བྱས་ཏེ་གུང་ཁྲན་ཏང་ཡོན་ཞིག་གི་ཚད་གཞིའི་ཐོག་ནས་རང་ཉིད་ལ་བླང་བྱ་ནན་པོ་འདོན་གྱི་ཡོད།
བསོད་ནམས་སྟོབས་རྒྱལ་གྱིས་ལོ་བཅུ་ཕྲག་ཁ་ཤས་རིང་གྲོང་མི་དང་མཉམ་དུ་སྲོག་ཉེན་ལ་མ་འཛེམས་པར་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་། རྔ་མོང་རུ་ཁག་གི་སྐོར་སྲུང་བ་བྱེད་པ། མཚན་མོ་བཞུ་མར་འོག་མང་ཚོགས་ཀྱི་ཡོང་འབབ་བསྡོམས་རྩིས་རྒྱག་པ་བཅས་བྱས་མྱོང་ཡོད་ལ། གྲོང་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་ཡང་མིག་མཐོང་ལག་ཟིན་བྱུང་། “ལྷག་པར་དུ་མཚོ་བོད་གཞུང་ལམ་དང་མཚོ་བོད་ལྕགས་ལམ་གཉིས་སྒོ་འགྲམ་ནས་བརྒྱུད་པས། ང་ཚོ་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་འགོ་ཚུགས་པ་དང་། གྲོང་མི་ཚོའི་བསམ་བློའི་ལྟ་བར་ཡང་འགྱུར་ལྡོག་ཕྱིན་ཏེ་དངུལ་བུན་གཡར་ནས་འདྲུད་འཐེན་འཕྲུལ་འཁོར་དང་ལྕགས་གཞོང་རླངས་འཁོར་སོགས་ཉོས་ནས་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པས་གྲོང་ཚོའི་ནང‘སྒོར་ཁྲི་བརྒྱ་ཡོད་པའི་དུད་ཚང’གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད”ཅེས་བརྗོད།
“ངའི་མི་ཚེ་འདིའི་གཟི་བརྗིད་ཆེ་ཤོས་ནི་བཅིངས་འགྲོལ་དམག་མི་དང་འཕྲད་ནས་དམག་སྡེ་བཅོ་བརྒྱད་པའི་བོད་སྐྱོད་ལོ་རྒྱུས་ཀྱི་བདེན་དཔང་བ་དང་དེའི་ནང་ཞུགས་མཁན་ཞིག་ཏུ་གྱུར་པ་དེ་ཡིན། རང་ཉིད་ཀྱིས་ལོ་རྒྱུས་ཀྱི་དུས་མཚམས་དེ་དང་འདི་ལོ་སྤེལ་བཞིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཟུང་འབྲེལ་བྱས་ཏེ་མི་དེ་བས་མང་བས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤེས་རྟོགས་དང་དེའི་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བསོད་ནམས་སྟོབས་རྒྱལ་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད།
ནམ་ཡང་ཉི་མའི་རྗེས་སུ་འབྲང་གྱུར་ན། བདེ་སྐྱིད་འོད་ཟེར་ལྡན་པར་གདོན་མི་ཟ་ཞེས་པ་ནི་འདམ་གཞུང་དུ་དར་ཁྱབ་ཆེ་བའི་གཏམ་དཔེ་ཞིག་རེད། ད་ཆའི་འདམ་གཞུང་དུ་ལས་བྱེད་པ་དང་འབྲོག་པ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚ་རླབས་ཤིག་འཕྱུར་བར་བྱས་ཏེ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་དད་སེམས་བརྟན་པོ་དང་། སྟོབས་ཤུགས་གཅིག་སྒྲིལ། དད་མོས་དང་། དད་སེམས། ཡིད་ཆེས་བཅས་ལ་བརྟེན་ནས་འབད་འཐབ་ཀྱི་ལམ་བུར་འོད་སྣང་སྦྱིན་བཞིན་ཡོད།